སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ དབུ་འཛུགས། 

སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་“དེ་སྔ་ག་རེ་བྱུང་ཡང་འདས་པའི་ལོ་རྒྱུས་རེད། ད་ནས་བཟུང་སྟེ་ང་ཚོའི་སྤྱི་ཚོགས་ནང་ལ་མ་འགྲིག་པ་དང་། མ་མཐུན་པ་དང་། མ་འཆམ་པ་ག་རེ་ཡོད་པ་ཡིན་ཡང་མཐུན་པ་བཟོ་བའི་འགོ་དེ་ང་ཚོ་འདི་ནས་འཛུགས་དགོས་ཀྱི་འདུག་”ཅེས་གསུངས་སོང་། 

སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་“དེ་སྔ་ག་རེ་བྱུང་ཡང་འདས་པའི་ལོ་རྒྱུས་རེད། ད་ནས་བཟུང་སྟེ་ང་ཚོའི་སྤྱི་ཚོགས་ནང་ལ་མ་འགྲིག་པ་དང་། མ་མཐུན་པ་དང་། མ་འཆམ་པ་ག་རེ་ཡོད་པ་ཡིན་ཡང་མཐུན་པ་བཟོ་བའི་འགོ་དེ་ང་ཚོ་འདི་ནས་འཛུགས་དགོས་ཀྱི་འདུག་”ཅེས་གསུངས་སོང་། 

དེ་ཡང་ཟླ་འདིའི་ཚེས་༢༠ ཉིན་དྷ་ས་གངས་སྐྱིད་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དུ་སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༨ (ཚེས་༢༠ ནས་ ༣༠ བར་ཡིན།) པ་དངོས་སུ་དབུ་འཛུགས་གནང་བ་དང་། ཐེངས་འདིར་ཡོ་རུབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་མ་གཏོགས་གཞན་སྤྱི་འཐུས་༤༤ དང་བཀའ་བློན་རྣམ་པ་ཆ་ཚང་མཉམ་ཞུགས་བྱས་འདུག

ཚོགས་དུས་དེའི་དབུ་འབྱེད་ཀྱི་གཏམ་བཤད་ནང་། ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་“གྲོས་ཚོགས་ཚོགས་དུས་བརྒྱད་པ་འདིར་མྱ་ངན་གུས་དུད་ཀྱི་གྲོས་ཆོད་གྲོས་འཆར་དགུ་ཙམ་ཤིག་ཡོད། དེ་ཡང་སྤྱི་ཟུར་རྣམ་པ་གསུམ་སྐུ་ཚེའི་འཕེན་པ་རྫོགས་པ་དང་། ཨ་རིའི་senate བོད་དོན་རྒྱབ་སྐྱོར་ཡུན་རིང་གནང་མཁན་སྐུ་ཚེ་མ་ཟིན་པ་དང་། དེ་བཞིན་ང་ཚོའི་གྲོགས་པོ་རྒྱ་གར་ཁ་ཤས་སྐུ་ཚེ་མ་ཟིན་པ་ལ་སོགས་པར་མྱ་ངན་གུས་དུད་གྲོས་ཆོད་གྲོས་འཆར་དང་། དེ་ནས་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཞིག་ཡོད། དེ་ནས་ཁྲིམས་འཆར་ལྔ་ཙམ་ཞིག་ཡོད་”ཅེས་ཚོགས་དུས་ཀྱི་ལས་འཆར་ངོ་སྤྲོད་གནང་སོང་། 

དེ་ནས་ཁོང་གིས“ད་ལོ་ཚོགས་དུས་༧ གྲོལ་བ་ནས་ཚོགས་དུས་༨ དེའི་བར་ལ་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་༧ དེ་རེ་གྷ་ལ་ཚོགས་ཐུབ་པ་བྱུང་རེད། དེ་ཡང་གཙོ་བོ་དེ་ཕ་གིར་བོད་དོན་རྒྱབ་སྐྱོར་གནང་སྡོད་མཁན་ Mr. Janis Martin Skuja ཁོང་་རང་གིས་ཐུགས་འགན་གཙོ་བོ་བཞེས་གནང་བ་རེད། དེ་ཡིན་པས་ཁོ་རང་གཙོ་བོར་གྱུར་བའི་དེར་ཚོགས་བཅར་གནང་མཁན་ཚང་མ་ལ་སྡིངས་ཆ་འདི་བརྒྱུད་དེ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། དེ་བཞིན་ཉེ་ཆར་ཕྱི་ཟླ་༩ ཚེས་༡༣ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་ལ་Tibetan Policy and Support Act 2019 འདོན་གནང་རེད། གྲོགས་ཚོགས་གོང་མའི་སྒང་ལའང་དེ་འགྲོ་ཡི་ཡོད་རེད། དེ་འདྲ་ཡིན་པས་ཁྲིམས་འཆར་དེའི་ཆེད་དུ་དངོས་ཤུགས་བརྒྱུད་གསུམ་ནས་ཕྱག་ལས་གནང་མཁན་ཚང་མ་ལ་ངས་བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་”ཞེས་ཚོགས་དུས་༧ ནས་ཚོགས་དུས་༨ བར་གྱི་ཟླ་བ་དྲུག་གི་ལས་དོན་ཁག་ཕྱོགས་བསྡུས་དང་ལས་དོན་སྒྲུབ་མཁན་དག་ལ་ཐུགས་རྗེས་ལེགས་གསོལ་གནང་སོང་།  

གཞན་ཡང་སྤྱི་འཐུས་ཀྱི་འོས་འགན་དང་འབྲེལ་བའི་ཐོག་ལ་ཁོང་གིས་“ང་རང་ཚོ་མི་མང་གིས་འོས་འདེམས་བྱས་པའི་མི་མང་གི་སྐུ་ཚབ་ཅིག་རེད། འཛིན་སྐྱོང་བཀའ་ཤག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་འགན་ཁུར་བའི་ཐོག་ནས་ལས་དོན་སྙན་ཞུ་འབུལ་དགོས་ཀྱི་ཡོད་པ་ཇི་བཞིན། ང་ཚོ་སྤྱི་འཐུས་རྣམ་པ་ཚོས་རྒྱ་ཆེའི་མང་ཚོགས་ལ་འགན་ཁུར་བའི་ཐོག་ནས་ལས་དོན་སྙན་ཞུ་འབུལ་དགོས་ཀྱི་ཡོད་རེད། དེ་འདྲ་ཡིན་པས་ང་རང་ཚོའི་ངོས་ནས་མི་མང་གི་མངོན་འདོད་གཞིར་བཟུང་གང་འདྲ་སྒྲུབ་དགོས་ཀྱི་འདུག དེ་ཚོའི་ཐོག་ལ་དགོངས་པ་ཡག་པོ་བཞེས་དགོས་པ་གནད་འགག་ཆགས་ཀྱི་འདུག སྐབས་རེ་སྐབས་རེར་མི་མང་གི་དགོངས་ཚུལ་དེ་འདྲའི་ནང་ལ། སྤྱི་ཚོགས་ནང་མཐུན་མ་མཐུན་དེ་དག་འགོ་འཛུགས་ས་དེ་གྲོས་ཚོགས་ནང་ཡོང་གི་འདུག་གསུང་གི་འདུག དེ་འདྲ་ཡིན་ན་ཧ་ཅང་གིས་བློ་ཕམ་དགོས་པའི་གནས་ཚུལ་ཞིག་རེད། དེ་འདྲ་ཡིན་པས་དེ་སྔ་ག་རེ་བྱུང་ཡང་འདས་པའི་ལོ་རྒྱུས་རེད། ད་ནས་བཟུང་སྟེ་ང་ཚོའི་སྤྱི་ཚོགས་ནང་ལ་མ་འགྲིག་པ་དང་། མ་མཐུན་པ་དང་། མ་འཆམ་པ་ག་རེ་ཡོད་པ་ཡིན་ཡང་མཐུན་པ་བཟོ་བའི་འགོ་དེ་ང་ཚོ་འདི་ནས་འཛུགས་དགོས་ཀྱི་འདུག་དྲན་གྱི་འདུག་”ཅེས་དང་། དུས་རྒྱུན་༧སྐྱབས་མགོན་རིན་པོ་ཆེས་“ངོས་ལ་གྲོགས་པོའི་འདུ་ཤེས་ཏོག་ཙམ་ཡོད་པ་ཡིན་ན། ཆོལ་ཁ་ཆོས་ལུགས་ཀྱི་འཐེན་ཁྱེར་དེ་ནམ་ཡང་མ་བྱེད་”ཅེས་གསུངས་པའི་བཀའ་སློབ་དེ་སེམས་སུ་འཛིན་དགོས་པ། ལྷག་པར་དུ་ང་ཚོའི་རྩ་དོན་རྩོད་པ་ལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་འགྲོ་དགོས་ཀྱི་རེད་མ་གཏོགས། དུམ་བུ་མང་པོར་གྱེས་པ་ཡིན་རྩ་དོན་རྩོད་པ་ཁག་པོ་ཞེ་དྲག་ཆགས་ཀྱི་ཡོད་ཚུལ་བཅས་གསུངས་སོང་། 

ཚོགས་དུས་འདིའི་བོད་དོན་འཐབ་རྩོད་དང་འབྲེལ་བོད་ནང་གི་མི་མང་ཆེད་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དོན་ཚན་ལྔ་བཞག་ཡོད་པ་དང་།

༡. བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པ་མཆོག་ནི། བོད་གངས་ཅན་པའི་སྐྱེ་འགོ་ཡོངས་དང་ཚེ་རབས་ནས་ཚེ་རབས་སུ་དད་དམ་འབྲེལ་ཞིང་། གཞིས་བྱེས་བོད་མི་ཡོངས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ཡིན་པར་བརྟེན། རྒྱ་གཞུང་གི་དབང་འཛིན་པ་ཚོས་མཚན་སྨད་སྐུར་འདེབས་ཀྱི་ཁ་བྲལ་ལས་རིགས་རྣམས་མཚམས་འཇོག་བྱ་དགོས། མ་འོངས་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཡི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐག་གཅོད་ཀྱི་དབང་ཚད་ཆ་ཚང་༧གོང་ས་མཆོག་དང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད་པ་ལས་ཆོས་མེད་སྨྲ་བ་རྒྱ་ནག་དམར་གཞུང་གི་དབང་འཛིན་པར་ཚོར་མེད་པ་ནན་བཤད་བྱ་རྒྱུ། 

༢.  བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་བརྒྱུད་ཞི་མོལ་འགྲིག་འཇགས་ཡོང་ཐབས་ལ་འབད་བརྩོན་ཡོད་རྒུ་རྩལ་སྤྲུགས་གནང་བཞིན་ཡོད་པ་ལྟར། རྒྱ་གཞུང་གི་ངོས་ནས་ཀྱང་ཁ་ཞེ་གཉིས་མེད་ཀྱིས་བོད་རྒྱ་ཞི་མོལ་འཕྲལ་དུ་འགོ་འཛུགས་དགོས་རྒྱུ། 

༣. དེ་སྔོན་གྲོས་ཚོགས་རིམ་པའི་གྲོས་ཆོད་དགོངས་དོན་ལྟར་རྒྱ་གཞུང་ནས་བོད་ལ་འཛིན་པའི་དྲག་གནོན་དང་སྡུག་རྩུབ་ཅན་གྱི་སྲིད་བྱུས་མཚམས་འཇོག་དང་། ༧པཎ་ཆེན་རིན་པོ་ཆེས་དབུས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ། འཛིན་བཟུང་བཙོན་འཇུག་དང་བཀག་ཉར་ལས་གྲོལ་བ་རྣམས་ཀྱི་ཚེ་སྲོག་ལ་འགན་ཁུར། གཞི་རྩའི་འགྲོ་བ་མི་ཡི་ཐོབ་ཐང་དང་ཆོས་དད་རང་དབང་བཙན་འཕྲོག་བྱས་པ་རྣམས་མཚམས་འཇོག གཏེར་ཁ་བསྔོག་འདོན་སོགས་ཀྱིས་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་བྱ་རྒྱུ་མཚམས་འཇོག མི་རབས་བཞི་ཙམ་རིང་བོད་མི་རྣམས་ཀྱིས་ཞི་རྒོལ་དང་རེ་འབོད་བྱས་པ་རྣམས་གོ་མེད་ཚོར་མེད་དུ་མ་བཞག་པར་རྒྱ་གཞུང་གི་དབང་འཛིན་པ་ཚོས་བདག་སྤྲོད་ངེས་པར་དུ་བྱ་དགོས། 

༤.  ཕྱི་ལོ་ ༢༠༡༨ ལོར་ཨ་རིའི་གྲོས་ཚོགས་ནས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་ལུགས་གཏན་འབེབས་གནང་ཟིན་པ་ལྟར། ཁྲིམས་ལུགས་དེ་ཉིད་ལག་བསྟར་ཚུལ་མཐུན་ཡོང་ཆེད་ཕྱོགས་ཡོངས་ནས་འགན་ཁུར་ཆེ་བཞེས་དགོས་པའི་རེ་སྐུལ་དང་། དེ་བཞིན་རྒྱ་གཞུང་གི་ཕྱོགས་ནས་བོད་མི་རྣམས་ཀྱི་ཕྱི་བསྐྱོད་ལག་འཁྱེར་བཙན་འཕྲོག་བྱས་པ་སོགས་གང་མགྱོགས་དོ་བདག་ལ་རྩིས་སྤྲོད་དགོས། 

༥. རྒྱལ་སྤྱིའི་གཞུང་དང་། གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ། མི་སྒེར་བཅས་ནས་ད་བར་བོད་དོན་ལ་རྒྱབ་སྐྱོར་གདུང་སེམས་མཉམ་སྐྱེད། ལྷག་པར་བོད་དོན་ལ་སྨན་པའི་ཁྲིམས་ཡིག་དང་གྲོས་ཆོད་གཏན་འབེབས། ཕྱི་ནང་གི་མཐུན་རྐྱེན་སྦྱོར་སྤྲོད་སོགས་གནང་དང་གནང་བཞིན་པ་ཡོངས་ལ་ཐུགས་རྗེ་བླ་ན་མེད་པ་ཆེ་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད།

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།