སྐབས་བཅུ་བཞི་པའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་དབུ་འབྱེད་མཛད་སྒོ་འཚོགས་པ།  

 

ཕྱི་ལོ་ ༢༠༢༠ ཟླ་ ༠༣ པའི་ཚེས་  ༠༡ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་བཀྲིས་ཆོས་གླིང་ཤེས་ཡོན་བསྟི་གནས་ཁང་དུ་སྐབས་བཅུ་བཞི་པའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་དབུ་འཛུགས་བྱས་ཡོད་པ་དང་།

དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གྱི་གཙོ་བོ་ཞྭ་སེར་བསྟན་པའི་མངའ་བདག་༧དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དང་།  དམིགས་བསལ་སྐུ་མགྲོན་ལྷོ་སྤྱི་སྐུ་ངོ་ཆོས་འཕེལ་ཐུབ་བསྟན། སེར་བྱེས་མཁན་རིན་པོ་ཆེ་བསྟན་འཛིན་ཆོས་བཟང་རིན་པོ་ཆེ་དང་མཁན་ཟུར་རིན་པོ་ཆེ་བློ་བཟང་བདེ་ལེགས།  དེ་མིན་བོད་མི་མང་སྤྱི་འཐུས་དང་ས་གནས་གནད་ཡོད་མི་སྣ་སོགས་ཆེད་ཕེབས་བྱས་ཤིང་།  མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོས་སྣང་གསལ་མར་མེ་ཞལ་ཁ་ཕྱེས་གནང་བ་དང་། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སླད་དུ་མྱ་ངན་གུས་འདུད་བཅས་གནང་རྗེས། བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་གཙོ་བསོད་ནམས་ཕུན་ཚོགས་ཀྱིས་ཚོགས་བཅར་བ་རྣམས་ལ་ཕེབས་བསུའི་གཏམ་བཤད་དང་སྦྲགས།  ད་ལོར་༧རྒྱལ་བ་རིན་པོ་ཆེའི་དགུང་སྐེག་གི་སླད་དུ་༧རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་བགྲོ་གླེང་གོ་སྒྲིག་ཞུས་ཡོད་པའི་སྐོར་དང་།    ༧རྒྱལ་བའི་གསུང་རྩོམ་ཀློག་རྒྱུའི་ལས་འགུལ་སྤེལ་བའི་སྐོར་སྙན་སྒྲོན་ཞུས་པའི་ཐོག “ཚོགས་པ་འདི་སྲོལ་རྒྱུན་དང་དེང་དུས་ཤེས་ཡོན་གཉིས་ཀྱི་སྐོར་ལ་བགྲོ་གླེང་བྱེད་སའི་སྡིངས་ཆ་ཡག་ཤོས་ཤིག་ཆགས་ཡོད་”ཅེས་གསུངས་སོང་།  

དེའི་རྗེས་སྤྱི་ཁྱབ་འབྲེལ་མཐུད་པ་དཀོན་མཆོག་རིན་ཆེན་ནས་ལོ་གསར་གྱི་དུས་ཚོད་ལ་ཚོགས་ཆེན་འདི་འདྲ་ཞིག་འཚོགས་ཐུབ་པ་བཀྲིས་པའི་གཏམ་བཟང་ཞིག་ཡིན་པ་དང་། ལྷག་པར་དུ་ཚོགས་ཆེན་གྱི་སྐབས་བོད་ནང་གི་གཞོན་སྐྱེས་དེ་དག་གི་ཆེད་དུ་ཞབས་བཀྱག་དམིགས་བསལ་སྟོང་པ་གཉིས་བཞག་ཡོད་ལ།   ཞབས་བཀྱག་དེས་མགྱོགས་ནས་མྱུར་དུ་བོད་གཞིས་བྱེས་ལྷན་འཛོམས་ཡོང་བ་དང་། བོད་ཕྱི་ནང་གཉིས་ཀྱི་གཞོན་སྐྱེས་དག་ལྷན་འཛོམས་ཐོག་བགྲོ་གླེང་འདི་ལྟ་བུ་འཚོགས་ཐུབ་པའི་རེ་བ་དང་སྨོན་ལམ་མཚོན་གྱི་ཡོད་ཅེས་གསུངས་སོང་།  

གཞན་ཡང་ཁོང་གིས་“ཚོགས་པ་འདི་དབུས་བོད་མིའི་སྒྲིག་འཛུགས་དང་མཐོ་རིམ་སློབ་གྲྭ་ཁག་གི་སློབ་མ་གཉིས་ཀྱི་བར་གྱི་འབྲེལ་མཐུད་ཀྱི་ཟམ་པ་ལྟ་བུ་ཞིག་ཆགས་ཡོད་པ་དང་། མ་འོངས་པར་མཐོ་རིམ་སློབ་མའི་གཞོན་སྐྱེས་གང་མང་མང་མཉམ་ཞུགས་ཐུབ་པའི་ཡིད་ཆེས་ཡོད་”ཅེས་གསུངས་སོང་།    དམིགས་བསལ་སྐུ་མགྲོན་ལྷོ་སྤྱི་སྐུ་ངོ་ཆོས་འཕེལ་ཐུབ་བསྟན་གྱིས་“འདུ་འཛོམས་བགྲོ་གླེང་མཐར་ཕྱིན་བྱས་པའི་གྲུབ་དོན་དག་དབུས་བོད་མིའི་སྒྲིག་འཛུགས་ལ་འབུལ་ཐུབ་པ་ཡིན་ན།  མ་འོངས་ལས་འཆར་སྒྲིག་ཕྱོགས་ཐད་ཕན་ཐོགས་ཡོང་བ་དང་། བོད་རང་དབང་སླར་གསོའི་ཆེད་ཤེས་ཡོན་དང་།

དེང་རབས་ཅན་གྱི་སྤྱི་འགྲོས། འཕྲུལ་ལས་རིག་པ་སོགས་ཀྱི་ཐད་གཞོན་སྐྱེས་ཚོས་འགན་ཁུར་བྱ་དགོས་”ཞེས་ཀྱང་གསུངས་སོང་།

དེ་མིན་ད་དུང་དམིགས་བསལ་སྐུ་མགྲོན་སེར་བྱེས་མཁན་རིན་པོ་ཆེ་བསྟན་འཛིན་བྱམས་པ་ཆོས་བཟང་རིན་པོ་ཆེ་མཆོག་གིས་གནའ་དེང་ཤེས་ཡོན་ལ་བརྩོན་བཞིན་པའི་སློབ་མའི་འདུ་འཛོམས་ཀྱི་གལ་གནད་སྐོར་གསུང་བཤད་ཟབ་རྒྱས་གནང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་ཚོགས་བཅར་རྣམས་ལ་ཁམས་བདེའི་འཚམས་འདྲི་དང་སྦྲགས་“སློབ་ཕྲུག་ངོས་ནས་ཀྱང་སེམས་དང་སེམས་བྱུང་གི་རྣམ་བཞག་སྐོར་གྱི་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་སློབ་སྦྱོང་བྱེད་དགོས་པ་དང་། དེ་བཞིན་ང་ཚོ་བོད་པ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི།   སྔོན་མ་ནས་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་ཡོད་པ་བཞིན་རྒྱུན་དུ་ཀུན་སྤྱོད་ཡག་པོ་དང་།  མ་འོངས་པར་སློབ་མཐར་ཕྱིན་རྗེས་སུ་བོད་སྤྱི་ལ་ཞབས་འདེགས་ཞུ་ཐུབ་མཁན་ཞིག་བྱེད་དགོས་པ་རེད”ཅེས་༧གོང་ས་མཆོག་གི་དགོངས་གཞི་དང་བོད་ཀྱི་གཞོན་སྐྱེས་དག་གི་འགན་འཁྲི་དང་ཁ་ཕྱོགས་སྐོར་ལ་བླང་དོར་བཀའ་སློབ་སྐར་མ་ཉི་ཤུའི་རིང་དུ་གསུངས་སོང་།   

གཞན་ཡང་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་འདིའི་ལོར་ཚོགས་ཆེན་གྱི་སྔ་གཞུག་བར་གསུམ་ལ་འགྲོ་གྲོན་ཆེད་དུ་སྦྱིན་བདག་ཧིན་སྒོར་ ༥༠༠༠༠ ཡན་གནང་མཁན་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་མཚོན་རྟགས་ཕུལ་བ་དང་།  སློབ་མའི་དཔྱད་རྩོམ་འགྲན་སྡུར་ནང་ཨང་རིན་སོན་པ་རྣམས་ལ་ཕྱག་ཁྱེར་ཕུལ་སོང་།

སྤྱིར་བཏང་སྐབས་བཅུ་བཞི་པའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་དེ་བརྗོད་གཞི་མ་འདྲ་བ་

༢༡ ལྷག་གི་ཐོག་བགྲོ་གླེང་བྱ་རྒྱུ་ཡིན་པ་དང་། བརྗོད་གཞི་དེ་དག་ཤེས་ཡོན། རྩ་དོན། འགན་འཁྲི་བཅས་ཀྱི་ནང་མ་འདུས་པ་མི་འདུག མཉམ་ཞུགས་གནང་མཁན་ནི་རྩ་བའི་ཆ་ནས་མཐོ་སློབ་ ༥༤ ལ་འབྲེལ་བ་བྱས་ཀྱང་མཐར་མཐོ་སློབ་ཁག་ ༢༧ ནས་ཚོགས་བཅར་བ་སློབ་མ་གྲངས་ ༡༡༥ ཙམ་དངོས་སུ་མཉམ་ཞུགས་གནང་ཐུབ་པ་བྱུང་འདུག གཞན་ཡང་ཕྱི་རྒྱལ་ནས་བོད་ཀྱི་མཐོ་རིམ་སློབ་མའི་སྐུ་ཚབ་ཕེབས་ཡོད་པ་དང་བོད་ཀྱི་གཞོན་སྐྱེས་གཏམ་བཤད་པ་སོགས་གདན་འདྲེན་ཞུས་ཡོད་པ་བཅས་གནས་ཚུལ་སྙིང་བསྡུས་སོ། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།