སྐྱབས་བཅོལ་ནང་གི་ཡང་བཅོལ།
བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༠༩ ཆེད་བརྗོད།
རྒྱ་དམར་དྲག་པོའི་གཞུང་གིས་བོད་ལ་བཙན་འཛུལ་དང་ཡོངས་སུ་ཧམ་བཟུང་བྱས་ནས་མི་ལོ་༦༥ ཙམ་གྱི་རིང་། ༧གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་མི་སྐྱབས་བཅོལ་བ་མང་པོ་ཞིག་རྒྱ་བལ་འབྲུག་གསུམ་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སྐྱབས་བཅོལ་དུ་འབྱོར། ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་གྱི་ཡུལ་གྲུ་མང་པོ་ཞིག་ལ་སྐྱབས་བཅོལ་ནས་ཡང་བཅོལ་དུ་འགྲོ་འདོད་ཡོད་པའི་བོད་མི་མང་པོ་ཡོད། བོད་མི་ཁག་ཅིག་བཙན་བྱོལ་ལ་ཐོག་མ་འབྱོར་བའི་ལོ་ཤས་རྗེས་བཙན་བྱོལ་བོད་གཞུང་གིས་སུད་སིའི་རྒྱལ་ཁབ་ལ་སྐྱབས་བཅོལ་དུ་བཏང་། དེའི་རྗེས་སུ་ལོ་རབས་དགུ་བཅུ་པའི་ནང་ཨ་རིར་བོད་མི་ཆིག་སྟོང་སྐྱབས་བཅོལ་དུ་བཏང་ཞིང་། ཕྱིས་སུ་ཁེ་ན་ཌར་ཡང་བོད་མི་ཆིག་སྟོང་གཞུང་འབྲེལ་གྱིས་སྐྱབས་བཅོལ་དུ་བཏང་། ཨོ་སི་ཁྲོ་ལི་ཡར་ཆབ་སྲིད་བཙོན་ཟུར་དང་། འབྲེལ་ཆགས། འབྲེལ་ཡོད་བཅས་སྔ་རྗེས་སུ་གང་མང་ཞིག་བཏང་ཡོད་པ་བཅས་ནི་བཙན་བྱོལ་བོད་གཞུང་གིས་གཞུང་འབྲེལ་གྱིས་གོ་སྒྲིག་བྱས་ནས་བཏང་བ་འབའ་ཞིག་རེད།
ཨ་རི་དང་། ཁེ་ན་ཌ། ཡུ་རོབ་ཀྱི་ཡུལ་གྲུ་ཁག་སོགས་སུ་བོད་མི་མང་པོ་ཞིག་རང་ངོས་ནས་ཐབས་ཤེས་བྱས་ཏེ་སྐྱབས་བཅོལ་དུ་བསྐྱོད་ཡོད་པས། ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་དུ་གནས་སྡོད་བྱེད་མཁན་བཙན་བྱོལ་བོད་མི་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བྱེད་མཁན་གྱི་བོད་མིའི་གྲངས་འབོར་གྱི་ཐོག་ནས་བརྒྱ་ཆ་ལྔ་བཅུ་ལྔ་བཅུ་གཅིག་མཚུངས་ཆགས་ཟིན་པའི་ཚོད་དཔག་བྱེད་བཞིན་ཡོད། དེའི་ནང་ནས་གོང་གསལ་གཞུང་འབྲེལ་གྱིས་བཏང་བ་ཁག་ལ་མཚོན་ན་ཡིག་ཆ་འགྲིག་དང་མི་འགྲིག་གི་སེམས་ཁྲལ་གཏན་ནས་མེད་པ་མ་གཏོགས། གཞན་རང་ངོས་ནས་སྐྱབས་བཅོལ་དུ་འབྱོར་བ་རྣམས་ལ་མཚོན་ན་སྐྱབས་བཅོལ་གྱི་ཡིག་ཆ་རག་མིན་དང་། སོ་སོའི་ཐོག་མར་ཡིག་ཆའི་ནང་འཁོད་པའི་མིང་དང་། ཕ་མའི་མིང་། སྐྱེས་ཡུལ་སྐྱེས་ཚེས་བཅས་ནོར་འཁྲུལ་གཏོང་དགོས་བྱུང་བའི་གནས་ཚུལ་ཡང་མང་པོ་ཡོད་པས། བོད་མི་རེ་རེ་ལ་དཀའ་ངལ་གྱི་སྒྲུང་མི་འདྲ་བ་རེ་ཡོད་པ་ལས། སྟབས་བདེ་བོའི་ཐོག་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྐྱབས་བཅོལ་གྱི་ཐོབ་ཐང་རག་པ་ཞིག་གཏན་ནས་མིན།
ད་ལྟའི་དུས་འདིར་ཨ་ཧྤི་རི་ཀ་སོགས་སུ་དམག་འཁྲུག་དང་། མུ་གེའི་འཇིགས་པ་ཆེན་པོ་ཡོད་པས་རྒྱལ་ཁབ་གཞན་ལ་སྐྱབས་བཅོལ་དུ་འགྲོ་མཁན་མང་པོ་ཡོད་ཅིང་། ར་ཤི་ཡས་ཡུག་རེན་ལ་བཙན་འཛུལ་བྱས་ནས། ཡུག་རེན་གྱི་མི་སེར་ས་ཡ་མང་པོ་སྐྱབས་བཅོལ་དུ་འགྲོ་བཞིན་ཡོད་པས་རྒྱལ་ཁབ་མང་པོ་ཞིག་ལ་སྐྱབས་བཅོལ་བའི་ཐོག་ནས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད། ཐབས་ཤེས་འདྲ་མིན་གྱིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འབྱོར་ཡང་སྐྱབས་བཅོལ་བའི་ཐོབ་ཐང་མ་རག་པ་འདི་སྔོན་མའི་གནས་སྟངས་དང་བསྡུར་ན་དཀའ་ངལ་འཕར་མ་ཞིག་ཏུ་གྱུར་ཡོད། མ་འོངས་པར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྐྱབས་བཅོལ་ཞུ་རྒྱུའི་ཐོག་ནས་སྔོན་མ་དང་མི་འདྲ་བའི་དཀའ་ངལ་མང་པོ་འཕྲད་ངེས་པ་ལྟ་བུར་འགྱུར་བཞིན་ཡོད་པས། བོད་མིའི་སྒྲིག་འཛུགས་གཞུང་འབྲེལ་གྱིས་བཏང་བའི་ལམ་ཁ་གང་ཡོད་པ་དེ་འགག་པ་ཡིན་ན་གཞུང་དམངས་གཉིས་ལ་དཀའ་ངལ་ཆེན་པོ་འཕྲད་ངེས་ཡིན་པས། སྔར་ཡོད་ལམ་ཁ་ཁག་རྒྱུན་འཛིན་བྱེད་ཐུབ་པའི་ཐབས་ཤེས་གང་ཡོད་བྱེད་དགོས་པ་ཧ་ཅང་གལ་ཆེན་པོར་གྱུར་ཡོད།
སྤྱིར་སྐྱབས་བཅོལ་བའི་ཁྲིམས་ཡིག་ཁག་ཏུ་རྒྱལ་ཁབ་གཅིག་ཏུ་སྐྱབས་བཅོལ་ཞུས་ཟིན་པ་ཞིག་ལ། བསྐྱར་དུ་རྒྱལ་ཁབ་གཉིས་པ་ཞིག་ཏུ་སྐྱབས་བཅོལ་རག་པའི་ཐོབ་ཐང་མེད་ཚུལ་འདུག་ནའང་། བོད་མི་གནས་སྡོད་བྱེད་ཡུལ་གཙོ་བོ་རྒྱ་གར་གཞུང་གིས་རྒྱལ་སྤྱིའི་སྐྱབས་བཅོལ་བའི་ཁྲིམས་ཡིག་ལ་མིང་རྟགས་བཀོད་མེད་པ་མ་ཟད། བོད་མི་ཙམ་མ་ཡིན་པར་རྒྱ་གར་དུ་སྐྱབས་བཅོལ་བ་མང་པོ་ཡོད་པར་གཟིགས་སྐྱོང་ཡག་པོ་གནང་དང་གནང་བཞིན་ཡོད་ཀྱང་། ཕྱི་རྒྱལ་གྱི་མིའི་མིང་ཐོག་ནས་གནས་སྡོད་ཆོག་པའི་ཐོབ་ཐང་སྤྲད་པ་ཙམ་ལས། ཁྲིམས་ཐོག་ནས་སྐྱབས་བཅོལ་བའི་ཐོབ་ཐང་གཏན་ནས་སྤྲད་མེད་པས། རྒྱལ་ཁབ་གཞན་དུ་སྐྱབས་བཅོལ་ཞུ་མི་ཆོག་པ་གང་ཡང་མེད། བལ་ཡུལ་ལ་མཚོན་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ཁྲིམས་ཡིག་ལ་མཚན་རྟགས་བཀོད་ཡོད་ཀྱང་། མི་ལོ་བཅུ་ཕྲག་མང་པོའི་རིང་བོད་མི་སུ་གཅིག་ལ་སྐྱབས་བཅོལ་བའི་ཐོབ་ཐང་སྤྲད་མེད་པ་ཡོངས་གྲགས་ཡིན་པས། བལ་ཡུལ་དང་འབྲེལ་བའི་ཐོག་ནས་ཀྱང་དཀའ་ངལ་གང་ཡང་མེད་ངེས་རེད།
མདོར་ན་ཆབ་སྲིད་བཙོན་ཟུར་དང་། འབྲེལ་ཆགས། འབྲེལ་ཡོད་ཀྱི་མིང་ཐོག་ནས་ཨོ་སི་ཁྲོ་ལི་ཡར་སྐྱབས་བཅོལ་དུ་འགྲོ་རྒྱུའི་གོ་སྐབས་འདི་ནི་མི་ཚེའི་འཚོ་བ་དང་མཐུན་རྐྱེན་བཅས་གང་ཐད་ནས་ཡག་ཤོས་སུ་གྱུར་ཡོད་ཀྱང་། བར་ལམ་ནས་དེ་ལའང་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་འདུག གོ་སྐབས་འདི་རག་ཆེད་སྙན་ཞུ་འབུལ་མཁན་ཧ་ཅང་མང་པོ་ཡོད་པ་མ་ཟད། བདེ་སྲུང་ལས་ཁུངས་ནས་ངོས་བཞེས་ཟིན་པའང་མང་པོ་ཞིག་ཡོད་འདུག ད་ལྟའི་ཆར་ལམ་ཁ་འགག་དགོས་པའི་གནད་དོན་གཙོ་བོ་གང་ཡིན་ཤེས་རྟོགས་དཀའ་ཡང་། གཙོ་ཆེ་ཤོས་གཅིག་ཆབ་སྲིད་བཙོན་ཟུར་དང་། འབྲེལ་ཆགས། འབྲེལ་ཡོད་ཀྱི་མིང་ཁུར་མཁན་རེ་ཟུང་གིས་རྒྱ་དམར་གཞུང་ཚབ་དང་མངོན་སུམ་འཛེམས་མེད་ཀྱིས་འབྲེལ་བ་བྱེད་པ་དང་། བོད་དུ་བསྐྱོད་སྐབས་རྒྱ་གཞུང་གིས་ཕེབས་བསུ་སྣེ་ལེན་གྲ་རྒྱས་བྱས་པའི་བརྙན་ཐུང་ཁག་དྲ་ལམ་དུ་ཡོངས་ཁྱབ་ཀྱིས་ངོམ་སོ་བྱས་དང་བྱེད་བཞིན་པ་ནི། ཨོ་སི་ཁྲོ་ལི་ཡ་གཞུང་གིས་བོད་མི་སྐྱབས་བཅོལ་བ་མུ་མཐུད་མི་ལེན་པའི་རྒྱུ་རྐྱེན་ཞིག་ཏུ་གྱུར་ཡོད་ངེས་རེད།།