སྒེར་ནད་སྤྱི་སྤུངས་ཀྱི་མཇུག་འབྲས།

ད་ལྟའི་དུས་འདིར་འཛམ་གླིང་ཤར་ནུབ་ཀུན་ཏུ་ཤུགས་རྐྱེན་དང་དགའ་མོས་ཆེ་ཤོས་བྱེད་ཡུལ་གྱི་ཆབ་སྲིད་ལམ་ལུགས་ནི་མང་གཙོ་ཡིན་ལ། དར་ཁྱབ་ཆེ་ཤོས་ཀྱི་ལམ་ལུགས་ཀྱང་འདི་ཡིན། གཅིག་སྡུད་དབང་འཛིན་གྱི་བསམ་བློའི་ཤུགས་རྐྱེན་ཆེ་བའི་ཡུལ་གྲུ་ཁག་ཏུ་མང་གཙོའི་རྣམ་པ་ཙམ་ལས་དོན་དུ་གཅིག་སྡུད་ཀྱི་ཕྱོགས་སུ་གོམ་ཁ་སྒྱུར་བཞིན་པའང་མང་པོ་ཡོད་ལ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༦༡   ཕྱི་ལོ་ ༢༠༢༡/༩/༢༢

ད་ལྟའི་དུས་འདིར་འཛམ་གླིང་ཤར་ནུབ་ཀུན་ཏུ་ཤུགས་རྐྱེན་དང་དགའ་མོས་ཆེ་ཤོས་བྱེད་ཡུལ་གྱི་ཆབ་སྲིད་ལམ་ལུགས་ནི་མང་གཙོ་ཡིན་ལ། དར་ཁྱབ་ཆེ་ཤོས་ཀྱི་ལམ་ལུགས་ཀྱང་འདི་ཡིན། གཅིག་སྡུད་དབང་འཛིན་གྱི་བསམ་བློའི་ཤུགས་རྐྱེན་ཆེ་བའི་ཡུལ་གྲུ་ཁག་ཏུ་མང་གཙོའི་རྣམ་པ་ཙམ་ལས་དོན་དུ་གཅིག་སྡུད་ཀྱི་ཕྱོགས་སུ་གོམ་ཁ་སྒྱུར་བཞིན་པའང་མང་པོ་ཡོད་ལ། མང་གཙོའི་དྲི་མ་ཙམ་ཡང་མེད་པའི་རྒྱ་དམར་གཞུང་གི་ངོས་ནས་ཀྱང་ཁོང་ཚོའི་ཆབ་སྲིད་ཀྱི་ལམ་ལུགས་ལ་དམངས་གཙོ་ཞེས་འབོད་བཞིན་པ་ནི། མིང་སྟོང་པ་ཙམ་གྱིས་འཛམ་གླིང་གི་ཁ་ཕྱོགས་དང་བསྟུན་པའི་ཁུལ་རེད། མང་གཙོའི་ལམ་ལུགས་དར་ཁྱབ་ཆེ་བའི་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་གི་ཆབ་སྲིད་ལམ་ལུགས་ལ་སྐྱོན་ཆ་གཏན་ནས་མེད་པ་ཞིག་མིན་མོད། ད་ལྟའི་ཆར་འཛམ་གླིང་གི་ཁོར་ཡུག་ཀུན་ཏུ་དར་བའི་ཆབ་སྲིད་ལམ་ལུགས་ནང་མང་གཙོ་ནི། མི་མང་གི་འདོད་པ་དང་མཐུན་པ་མ་ཟད། འདྲ་མཉམ་དང་དབང་ཆ། ཁེ་ཕན་བཅས་ཕལ་ཆེ་བ་མི་མང་གི་ལག་ཏུ་ཡོད་པའི་ལམ་ལུགས་ཤིག་ཏུ་ངོས་འཛིན་བྱེད་ཆོག་པ་ཞིག་རེད།

མ་འོངས་པར་བོད་པའི་ཆབ་སྲིད་ཀྱི་གནས་བབས་སྤྱི་ཡོངས་ནས་མང་གཙོ་ཅན་དུ་འགྱུར་ཐུབ་པ་དང་། ལྷག་པར་དུ་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་ལམ་ལུགས་མུ་མཐུད་མང་གཙོ་ཅན་དུ་གནས་མ་ཐུབ་ན། ༧གོང་ས་མཆོག་ཞལ་བཞུགས་པའི་དུས་སུ་དཀའ་ངལ་འཕྲད་ཀྱང་རེ་བ་ཞུ་ས་དང་། གཅིག་གྱུར་གྱིས་བརྩི་བཀུར་ཞུ་ཐུབ་སའི་ལམ་སྟོན་གནང་མཁན་ཞིག་ཡོད་པས། འཐོར་ཞིག་ཏུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་མེད་ཀྱང་། དེའི་རྗེས་སུ་མང་གཙོའི་ལམ་ལུགས་གནས་མ་ཐུབ་ན། བོད་མིའི་སྒྲིག་འཛུགས་ཙམ་དུ་མ་ཟད་བཙན་བྱོལ་བོད་པའི་སྤྱི་ཚོགས་ཁོ་རང་འཐོར་ཞིག་ཏུ་འགྲོ་ངེས་པ་རེད། ལམ་ལུགས་དེ་ཡང་ཁ་ནས་མང་གཙོ་བརྗོད་པ་ཙམ་མ་ཡིན་པར་དོན་དམ་པར་མང་གཙོའི་གོམས་གཤིས་དང་ཁེ་ཕན་མཐོང་ཐུབ་པ་ཞིག་ངེས་པར་དུ་བཟོ་དགོས། བཙན་བྱོལ་བོད་མི་རྣམས་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་དུ་མར་ཁ་འཐོར་དུ་གནས་ཡོད་པས། སྤྱི་པའི་རྩ་དོན་དང་འབྲེལ་བའི་གནད་དོན་ཙམ་ལས། གང་ཟག་སྒེར་སོ་སོའི་ཉིན་རེའི་འཚོ་འཚིས་དང་འབྲེལ་བ་གང་ཡང་མེད་མཁན་ཡང་ལོ་ལྟར་མང་ནས་མང་དུ་འགྲོ་བཞིན་ཡོད།

འབྲུག་ཡུལ་དུ་ཡོད་པའི་བོད་མི་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མཐུན་འགྱུར་རྒྱ་ཆེན་པོ་ཞིག་སྦྱོར་སྤྲོད་གནང་ཐུབ་ཀྱི་མེད་ལ། རྒྱ་གར་དུ་གནས་སྡོད་བྱེད་མཁན་བོད་མི་རྣམས་དང་བསྡུར་ན་བལ་ཡུལ་དུའང་མཐུན་འགྱུར་སྦྱོར་སྤྲོད་ཀྱི་ཐོག་ནས་མ་འདེང་ས་མང་པོ་ཡོད། བལ་འབྲུག་གཉིས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབྱེ་འབྱེད་བྱས་པ་ཞིག་མིན་ཡང་། གནས་ཡུལ་གཞུང་གི་སྲིད་དོན་དང་འབྲེལ་བའི་ཐོག་ནས་ལས་དོན་བྱེད་རྒྱུ་ལ་འགོག་རྐྱེན་ཆེན་པོ་ཡོད། ད་ལྟའི་ཆར་རྒྱ་གར་གྱི་ས་གནས་ཁག་ཏུ་ཡོད་པའི་གཞིས་ཆགས་ཁག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མཐུན་འགྱུར་རོགས་རམ་གང་ལེགས་གནང་ཐུབ་ཀྱི་ཡོད་ཀྱང་། མ་འོངས་པར་མང་གཙོའི་ལམ་ལུགས་རྒྱུན་གནས་མ་ཐུབ་པར་ཁ་ཤུགས་ཆེ་བའི་མི་སྣ་ཁག་ཅིག་གི་དབང་བསྒྱུར་འོག་ཤོར་སོང་ན། ཁེ་ཕན་གང་ཡོད་པ་དེ་འབྲེལ་ཡོད་མི་ཁ་ཤས་ཀྱི་ལག་ཏུ་འཆོར་ཉེན་ཡོད་པ་དང་། ད་ལྟ་ནས་དེ་ལྟ་བུའི་ལམ་ཕྱོགས་ཤིག་ཏུ་བསྐྱོད་རྒྱུའི་སྟ་གོན་བྱེད་བཞིན་པ་ལྟ་བུ་འདུག་ལ། མ་འོངས་པར་དེ་ལས་ཀྱང་ཉེན་ཁ་ཆེ་རུ་འགྲོ་ངེས་པ་རེད།

མང་གཙོའི་ལམ་ལུགས་འདི་༧གོང་ས་མཆོག་གིས་ཐུགས་རེ་ཆེན་པོ་གནང་ནས་གསར་འཛུགས་གནང་བ་ཞིག་རེད་ལ། བཙན་བྱོལ་བོད་མི་རྣམས་ལ་རང་དབང་འདྲ་མཉམ་གྱི་བསམ་བློ་ག་ལ་གང་འཚམ་ཞིག་ཡོད་པ་འདི་ཡང་ལམ་ལུགས་འདི་དར་སྤེལ་གནང་ནས་བྱུང་བ་ཞིག་ཏུ་ངོས་འཛིན་བྱེད་ཆོག སྔོན་སྡེ་པ་གཞུང་གི་དོན་དག་སྡེ་སྲིད་མགོ་ལེབ་པས་བྱེད་ཀྱི་རེད། ང་རང་ཚོར་བྱུས་གཏོགས་མེད་ཅེས་ཤོད་སྲོལ་ཡོད་པ་ལྟ་བུར་གྱུར་སོང་ན། སྤྱི་པའི་རྩ་དོན་འཐུས་ཤོར་འགྲོ་བ་ཙམ་དུ་མ་ཟད། རྒྱ་གར་གྱིས་གཙོས་བོད་མི་གནས་སྡོད་བྱེད་ཡུལ་སྤྱི་ཡོངས་ལ་དཀའ་ངལ་དམིགས་བསལ་ཞིག་འཕྲད་ངེས་རེད། དེ་ལ་བརྟེན་ནས་བོད་ཀྱི་ཆོས་དང་རིག་གནས་རྒྱུན་འཛིན་བྱེད་མཁན་མེད་པ་དང་། སྤྱི་པའི་སྒྲིག་འཛུགས་ལ་བརྟེན་ནས་རྩ་དོན་འཐབ་རྩོད་རྒྱུད་འཛིན་ཆེད་མི་སྣ་གསོ་སྐྱོང་བྱ་རྒྱུ་སོགས་ཕྱོགས་གང་ཐད་ནས་ནུས་པ་གང་ཡང་མེད་པ་ཞིག་ཏུ་འགྱུར་ངེས་རེད། བོད་ཀྱི་སྐད་ཡིག་རིག་གནས་རྒྱུད་འཛིན་དར་སྤེལ་ཐོག་ནས་ཀྱང་བསུབ་ཐབས་མེད་པའི་གྱོང་གུད་ཆེན་པོ་ཞིག་ཏུ་འགྱུར་རྒྱུ་ཉག་གཅིག་ལས་མེད་པ་ནི་གསལ་པོར་གྱུར་ཡོད།

མདོར་ན་བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་རྒྱུན་གནས་དགོས་པ་ནི། རྒྱ་ཆེ་ས་ནས་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་གལ་གནད་ཆེན་པོ་ཡིན་པ་དང་། བོད་ཀྱི་ཆོས་དང་རིག་གནས་རྒྱུད་འཛིན་བྱ་རྒྱུ། ཆུང་ས་ནས་བཙན་བྱོལ་བོད་མི་མང་པོ་ཞིག་གི་འཚོ་གོས་གནས་མལ་གྱི་ཐོག་ནས་ཀྱང་གལ་ཆེན་པོར་གྱུར་ཡོད། གང་ཟག་སྒེར་རེ་ཟུང་སྣང་བར་འགྲོ་མིན་སྣ་ཚོགས་ཡོང་ཆོག་ནའང་། སྤྱི་པའི་སྒྲིག་འཛུགས་འདི་ཉིད་གལ་ཆེ་ཤོས་སུ་གྱུར་ཡོད་པ་དང་། དེ་ཡང་མང་གཙོའི་ལམ་ལུགས་གཞིར་བཟུང་ཐོག ཁྲིམས་སྒྲིག་ཁག་གཞིར་བཟུང་དགོས་པ་ལས། ཁྲིམས་སྒྲིག་ཁག་རྩིས་མེད་གཏོང་རྒྱུའི་ཁ་ཕྱོགས་ཤིག་ཏུ་ཁྲིད་པ་ཡིན་ན་མ་འོངས་པར་བོད་ཀྱི་རྩ་དོན་འཐབ་རྩོད་དང་། རིག་གནས་རྒྱུད་འཛིན། སྤྱི་ཚོགས་བདེ་དོན་སོགས་གང་ཐད་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་རེ་བ་དང་ནུས་པ་གང་ཡང་མེད་པར་འགྱུར་ངེས་རེད། དེར་བརྟེན་གང་ཟག་སྒེར་གྱི་དབར་ན་ཚ་གང་ཡོད་ཀྱང་དེ་སྤྱི་པའི་སྒྲིག་འཛུགས་ཀྱི་སྒང་ལ་སྤུངས་ཐབས་བྱེད་པ་ནི་སྤྱི་པར་གྱོང་གུད་ཆེན་པོ་ཞིག་ཏུ་འགྱུར་རྒྱུའི་སྣ་འདྲེན་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།