སྒྱུ་རྩལ་བ་བསྟན་པ་དར་ཕྱུག་གིས་“༧སྐུ་མདུན་གྱི་ཕྱག་ཟུང་”ཞེས་པའི་རི་མོའི་འགྲེམ་སྟོན་གནང་སོང་།
ན་གཞོན་སྒྱུ་སྩལ་བ་བསྟན་པ་དར་ཕྱུག་གིས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་“༧སྐུ་མདུན་གྱི་ཕྱག་ཟུང་”ཞེས་པའི་རི་མོའི་འགྲེམ་སྟོན་ཞིག་གནང་བའི་ནང་། སྒྱུ་རྩལ་གྱི་འབྲི་ཐབས་སྣ་ཚོགས་སྤྱད་དེ་༧གོང་ས་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་མཛད་འཕྲིན་གལ་ཆེན་རྣམས་མཚོན་པའི་རི་མོ་ ༡༥ བཤམ་སྟོན་བྱས་སོང་།
འགྲེམ་སྟོན་གྱི་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་གྱིས་སྒྱུ་རྩལ་བ་ཁོང་གི་རི་མོ་འདྲ་མིན་བརྒྱད་ཅུ་ལྷག་བཀོད་པའི་དེབ་ཆུང་<<ངའི་སྤུ་སྨྱུག>>ཅེས་པ་ཞིག་ཀྱང་དབུ་འབྱེད་གནང་བ་མ་ཟད། སྒྱུ་རྩལ་དང་སྒྱུ་རྩལ་གྱི་དགོས་དམིགས་དང་གལ་ཆེའི་རང་བཞིན་སྐོར་གྱི་གསུང་བཤད་ཀྱང་གནང་སོང་།
དེ་རིང་སྔ་དྲོའི་འགྲེམ་སྟོན་མཛད་སྒོ་དེའི་ཐོག ན་གཞོན་སྒྱུ་རྩལ་བ་ཁོང་གིས་ཁོང་ཆུང་ཆུང་བྱིས་པའི་དུས་ནས་རི་མོར་དོ་སྣང་དང་སྤྲོ་སྣང་ཆེ་ཡང་། ཁོང་གི་གྲོང་སྡེ་ཆུང་ཆུང་དུ་སྤུ་སྨྱུག་གིས་མཚོན་པའི་རི་མོའི་ཡོ་བྱད་རག་དཀའ་བ་དང་། རི་མོ་སྦྱོང་སའི་ཁོར་ཡུག་མེད་པ་སོགས་ཀྱི་དཀའ་ངལ་འཕྲད་མྱོང་བ་དང་། དེ་ནས་ ༢༠༡༡ ལོར་རྒྱ་གར་དུ་འབྱོར་བའི་རྗེས། བློ་འདྲི་སའི་དགེ་རྒན་མེད་པ་དང་། རི་མོ་འབྲི་སའི་ཁང་པའི་མཐུན་རྐྱེན་མ་འཛོམས་པ། ཏོག་དབྱིབས་ནད་ཀྱིས་མནར་བ་ལ་སོགས་པའི་དཀའ་ཁག་མི་ཉུང་བ་ཞིག་ཕྲད་ཀྱང་། གཙོ་བོ་རང་སྦྱོང་ལ་བརྟེན་ནས་རི་མོའི་ལས་ལ་འབད་བརྩོན་ལྷོད་མེད་བྱས་པའི་བརྒྱུད་རིམ་རྣམས་བརྗོད་སོང་།
“༧སྐུ་མདུན་གྱི་ཕྱག་ཟུང་།”ཞེས་པའི་རི་མོའི་ལས་འཆར་འདི་ནི། ཆོས་རིག་ལས་ཁུངས་ཀྱི་“བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་མ་དངུལ་”གྱི་རོགས་རམ་འོག་ནས་སྒྱུ་རྩལ་བ་ཁོང་གིས་འདས་པའི་ལོ་ངོ་གཅིག་གི་དུས་ཡུན་ནང་དུ་བྲིས་པའི་བརྩམས་ཆོས་ཤིག་རེད་འདུག་ཅིང་། འདིའི་ནང་དུ་འབྲི་ཐབས་འདྲ་མིན་སྤྱད་དེ་“༧སྐུ་མདུན་”གྱི་སྐུ་ཚེའི་རྣམ་ཐར་དང་། མཛད་པ་འཕྲིན་ལས། ཐུགས་ཀྱི་དམ་བཅའ་གལ་ཆེན་རྣམས་མཚོན་པའི་རི་མོ་ ༡༥ བཀོད་འདུག
“༧སྐུ་མདུན་གྱི་ཕྱག་ཟུང་།”ཞེས་པའི་ལས་གཞི་འདི་ལྟ་བུ་ཞིག་སྒྲུབ་དགོས་པའི་ཀུན་སློང་དང་དམིགས་ཡུལ་ཐད་ལ། ཁོང་གིས་“༧སྐུ་མདུན་ལབ་དུས། ང་ཚོས་ནམ་རྒྱུན་—སྔོན་མ་ངས་ཞེ་དྲག་གོ་མྱོང་མེད—ཡིན་ན་ཡང་ཕྱིས་སུ་གློག་བརྙན་“༧སྐུ་མདུན་”ཞེས་པ་ལྟ་དུས། ༧སྐུ་མདུན་ཟེར་དུས་ང་ཚོ་ལ་ནམ་རྒྱུན་ལས་རྦད་དེ་སེམས་ཐག་ཉེ་བའི་ཚོར་སྣང་དེ་འདྲ་ཡོང་གི་འདུག དེ་བྱས་དུས་༧སྐུ་མདུན་[ཞེས་བཏགས་པ་ཡིན།] དེ་ནས་’ཕྱག་ཟུང་’ལབ་དུས། ང་ ༢༠༡༨ ལོར་སྒང་ལ་འདུག་དུས། ནམ་རྒྱུན་༧རྒྱལ་བ་རིན་པོ་ཆེའི་གསུང་ཆོས་ལ་འགྲོ་གི་ཡོད། དེ་དུས་གཙོ་བོ་༧རྒྱལ་བ་རིན་པོ་ཆེ་ལ་མཇལ་ཁ་ཞུ་མཁན་རྣམས་ལ་ལྟ་ཡས་དགའ་པོ་ཡོད། དེ་ལྟ་དུས་༧རྒྱལ་བ་རིན་པོ་ཆེའི་ཕྱག་ལ་ཏོག་ཙམ་འཇུ་ཡས་རག་པའམ། ཡང་ན་༧རྒྱལ་བ་རིན་པོ་ཆེའི་ཕྱག་ཟུང་གི་ཕྱག་དབང་རག་པ་ཡིན་ན། མི་དེའི་གདོང་པའི་རྣམ་འགྱུར་གཅིག་པུ་མ་ཡིན་པར་གཟུགས་པོ་ཆ་ཚང་འགྱུར་བ་འགྲོ་བཞག་གི་འདུག—དགའ་སྣང་ཞེ་བུ་ཞིག་བསླེབས་ནས། དེ་དུས་ངས་མ་འོངས་པར་༧སྐུ་མདུན་གྱི་ཕྱག་ཟུང་ཞེས་པའི་རི་མོ་ཞིག་འབྲི་ཐུབ་ན་[བསམས་བྱུང་།] དེ་དུས་ང་རང་ཧམ་སེམས་ཞེ་བུ་ཡོད། རི་མོ་བརྒྱ་ཐམ་པ་འབྲི་ཐུབ་ན་བསམ་མྱོང་ཡོད། ཡིན་ནའང། རི་མོ་བརྒྱ་འབྲི་ཡས་དེ་དེ་འདྲའི་ལས་སླ་པོ་ཞིག་ཁྱོན་ནས་རེད་མི་འདུག དེ་ངས་’༧སྐུ་མདུན་གྱི་ཕྱག་ཟུང་’ཞེས་པའི་མཚན་བྱང་དེ་འདོགས་དགོས་པའི་ཡོང་རྐྱེན་དེ་ཆགས་བསྡད་འདུག”ཅེས་འགྲེལ་བརྗོད་བྱས་སོང་།
མཛད་སྒོའི་སྐུ་མགྲོན་གཙོ་བོ་དགེ་བཤེས་ལྷག་རྡོར་གྱིས་“རི་མོ་འདྲ་མི་འདྲ་འབྲི་ཡས་ཡོད་རེད། ༧སྐུ་མདུན་གྱི་བཀའ་དྲིན་རྗེས་དྲན་དང་། ཁོང་གི་མཛད་པ་རྣམ་ཐར་གཙོ་བོར་བྲིས་འདུག་པ་དེ་ཚོ་ཞེ་དྲག་ཡག་པོ་རེད་བསམ་གྱི་འདུག་”ཅེས་སྒྱུ་རྩལ་བ་ཁོང་གི་བརྩམས་ཆོས་གསར་ཤོས་དེ་དག་ལ་བསྔགས་བརྗོད་གནང་བའི་ཐོག “༧སྐུ་མདུན་གྱི་སྐུ་པར་ག་རེ་ཡིན་པ་དེ་ག་རང་དཔེ་བླངས་ནས་བྲིས་པ་ཞིག་མ་ཡིན་པར་སོ་སོའི་གསར་གཏོད་ཀྱི་རང་བཞིན་ཐོག་ནས”བྲིས་པ་ནི་བསྔགས་པའི་གནས་ཡིན་ཚུལ་དང་། སྒྱུ་རྩལ་གྱི་གལ་ཆེའི་རང་བཞིན་དང་། བོད་ཀྱི་སྒྱུ་རྩལ་དེ་བོད་ཀྱི་རིག་གཞུང་གི་སྙིང་བཅུད་བྱམས་བརྩེ་མཚོན་དགོས་ཚུལ་སོགས་གསུངས་སོང་།
སྒྱུ་རྩལ་བ་ཁོང་གིས་མ་འོངས་པར་གཙོ་བོ་བྱིས་སྒྲུང་གི་བར་བཅུག་རི་མོའི་ཐོག་ཏུ་ནུས་ཤུགས་འདོན་རྒྱུ་ཡིན་ཚུལ་གསུངས་སོང་བ་དང་། <<ངའི་སྤུ་སྨྱུག་>>ཅེས་པའི་སྔོན་གླེང་དུ། ཁོང་གིས“དེང་སང་བོད་ཕྱི་ནང་གཉིས་ཀྱི་བྱིས་སྒྲུང་གི་རི་མོར་སྟོང་ཆ་ཆེན་པོ་ཞིག་ཡོད་པར་ཚོར་གྱི་འདུག དེ་ནི་རི་མོ་རྣམས་ལ་བོད་མིའི་རྣམ་པ་མི་ལྡན་པ། གཟུགས་རིས་རྣམས་རྒན་གཞོན་གྱི་དབྱེ་བ་འབྱེད་དཀའ་བ། ཡི་གེའི་འགྲོས་ལྟར་རི་མོས་བྱིས་པར་དགའ་སྐྱོ་ཆགས་སྡང་གི་ཚོར་བ་སྟོན་མི་ཐུབ་པ་སོགས་ཀྱི་སྐྱོན་ཆ་མི་ཉུང་བ་ཞིག་འདུག གལ་སྲིད་ངས་སྐྱོན་ཆ་འདི་དག་ཁ་གསབ་ཐུབ་ཅིང་། ཡིད་དབང་འཕྲོག་པའི་རི་མོ་འགའ་འབྲི་ནུས་ནས་བྱིས་པ་ཚོའི་སེམས་ཁོངས་སུ་གནས་ཚེ། ང་རང་འཇིག་རྟེན་འདི་ནས་འཛུམ་མདངས་དང་བཅས་ཁ་བྲལ་སྲིད་ལ། ངའི་རྣམཤེས་ནི་བྱིས་སྒྲུང་གི་བར་བཅུག་རི་མོའི་ནང་གི་གངས་རི་དང་རྩྭ་ཐང་ལྷན་དུ་གཏན་དུ་གནས་ཤིང་། དེ་རུ་ངས་ལུག་ཁྱུའི་འབའ་སྒྲ་དང་མ་ཎིའི་སྒྲ་དབྱངས་སོགས་དུས་རྟག་ཏུ་ལོངས་སྤྱོད་ཐུབ་པར་ང་ལ་ཡིད་ཆེས་ཡོད་”ཅེས་བཀོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།