སྙན་ངག་པ་གྲགས་ཅན་གཅན་མེ་སྟག་གྲོངས་བར་བོད་མི་ཚོས་མྱ་ངན་ཞུ་བཞིན་འདུག 

ཟླ་༩ པའི་ཚེས་༢༠ ཉིན་བོད་ཀྱི་སྙན་ངག་པ་གྲགས་ཅན་གཅན་མེ་སྟག་སྙུང་གཞི་རྐྱེན་པས་ཟི་ལིང་གྲོང་ཁྱེར་དུ་དགུང་ལོ་༥༢ ཐོག་འདས་གྲོངས་སུ་གྱུར་ཡོད་འདུག་པས། བོད་མི་མང་པོ་ཞིག་གིས་ཁོང་ལ་མྱ་ངན་ཞུ་བཞིན་འདུག 

དེ་ཡང་བཙན་བྱོལ་དུ་ཡོད་པའི་རྩོམ་པ་པོ་དང་ཆབ་སྲིད་བཙོན་ཟུར་ལྷ་སྡེ་གནམ་ལོ་ཡག་གིས་ངོ་དེབ་ཐོག་ཏུ། སྙན་ངག་པ་གྲགས་ཅན་གཅན་མེ་སྟག་གམ། དངོས་མིང་བསོད་ནམས་བསྟན་པ་མཆོག་སྐུ་གཤེགས་པར་མྱ་ངན་དང་ཁོང་གིས་བོད་གངས་ཅན་གྱི་རྩོམ་སྟེགས་སུ་བཞེངས་པའི་སྒེར་ཚུགས་ཅན་གྱི་སྙན་ངག་གི་ཚོམ་ནི་ཕྱི་རབས་པས་གུས་འདུད་ཞུ་ཡུལ་དུ་གྱུར་ཡོད་པར་ཡིད་ཆེས་ཡོད་ཅེས་བྲིས་འདུག 

དེ་བཞིན་བོད་ནང་གི་རྩོམ་པ་པོ་དང་སྙན་ངག་པ་ཐེའུ་རང་གིས།  སྙན་ངག་པ་མེ་སྟག་ལགས་ཚེ་དུས་རྫོགས་པའི་གཏམ་ངན་གོ་མ་ཐག ང་རང་ཏབ་ཏབ་པོར་ཡིད་སེམས་བློང་བློང་དུ་གྱུར་དགོས་བྱུང་།  སྙན་ངག་པ་ཁོང་གིས་སྙན་ངག་ལ་བཅངས་པའི་རྣམ་འགྱུར་དང་། བརྩེ་བ། མི་ཚེ་གང་བོར་སྙན་ངག་བྲིས་པའི་ཧུར་བརྩོན་དང་དད་འདུན་གྱིས་ང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མྱོང་ལ། རྣམ་པ་ཐམས་ཅད་དུ། སྐྱེས་བུ་ཁོང་ནི་ངེས་པ་དོན་གྱིས་བོད་ཀྱི་སྙན་ངག་གི་བསྟན་པ་སྐྱོང་མཁན་ཉག་གཅིག་ཏུ་བསམས་ཤིང་བཀུར་མྱོང་ངོ་། སྐབས་འདིར།  སྐྱོ་སྣང་དང་ཕངས་སེམས་ཀྱིས་གཡོས་པའི་བདག་སེམས་སུ། ཝ་ལེར་ཝ་ལེར་དྲན་འོང་བ་ནི། བོད་ཀྱི་སྙན་ངག་པའི་མཚན་མོ་སྐབས་དང་པོའི་འདུ་འཛོམས་སྐབས་ཀྱི་ཁོང་དང་ཁོང་གི་རྣམ་འགྱུར་རེ་རེ་ཡིན་ཞེས་བྲིས་ནས། འདུ་འཛོམས་སྐབས་ཀྱི་ལོ་རྒྱུས་སོགས་དྲན་གསོ་བྱས་འདུག དེ་མིན་བོད་ནང་གི་སྙན་ངག་པ་དང་རྩོམ་པ་པོ་སོགས་མང་པོ་ཞིག་གིས་དྲ་ཐོག་ནས་ཁོང་ལ་མྱ་ངན་ཞུ་བཞིན་པ་དང་། བཙན་བྱོལ་ནང་དུ་སྙན་ངག་པ་ཁོང་གི་སྙན་ངག་ལ་དགའ་མོས་བྱེད་མཁན་ཚོས། ངོ་དེབ་སོགས་ཀྱི་སྟེང་དུ་ཁོང་གི་པར་དང་མཉམ་དུ་ཁོང་གི་སྙན་ངག་བཞག་ནས་མྱ་ངན་ཞུ་བཞིན་འདུག 

དེ་ཡང་ཉམས་ཞིབ་པ་དང་རྩོམ་པ་པོ་ཞི་བདེ་ཟླ་བས་ངོ་དེབ་སྟེང་དུ་བོད་ཀྱི་སྙན་ངག་པ་གཅན་མེ་སྟག་ལགས་ལོ་༥༢ ལ་སྐུ་ཚེ་འཕེན་པ་རྫོགས་པར་མྱ་ངན་ཞུ། གངས་ཁྲོད་དུ་སྙན་ངག་ཅིག་སྐར་མདའ་བཞིན་ལྷུང་། གཞན་ཡུལ་དུ་སུ་ཞིག་གི་མིག་ཆུ་རྡོག་ཅིག་འཛགཡོད་ཚད་རྨི་ལམ་གྱི་ཁུགས་སོ་ན། འཆི་བདག་དང་དུས་ཚོད་ལགས། དཔའ་བོ་སུ་ཡིས་ཚོད་འཛིན་བྱེད་ཐུབ་ཅེས་བྲིས་འདུག 

སྨྱུག་མིང་དུ་གཅན་མེ་སྟག་དང་དངོས་མིང་བསོད་ནམས་བསྟན་པ་ནི་ཕྱི་ལོ་༡༩༧༠ ལོར་མདོ་སྨད་གཅན་ཚ་ཁུལ་དུ་འཁྲུངས་པ་དང། ཕྱི་ལོ་༡༩༨༩ ལོར་མཚོ་སྔོན་ཞིང་ཆེན་མི་རིགས་མཐོ་རིམ་དགེ་འོས་ཆེད་སྦྱོང་སློབ་གྲྭ་ནས་མཐར་ཕྱིན། ཁོང་ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པའི་བར་མཚམས་སུ་གསར་རྩོམ་གྱི་ལས་ལ་ཞུགས་པ་ནས་བཟུང་། དུས་དེབ་དང་ཚགས་པར་སྣ་ཚོགས་སྟེང་སྙན་ངག ༣༠༠  ལྷག་དང་ལྷུག་རྩོམ ༥༠ ལྷག  གླུ་ཚིག ༢༠ ལྷག་སྤེལ་འདུག ཁོང་ལ་རྟ་མཆོག་རྩོམ་རིག་བྱ་དགའ་གཙོས་རྩོམ་རིག་བྱ་དགའ་ཆེ་གྲས་འགའ་ཐོབ་མྱོང་ཡོད་ཁར། ཁོང་གི་སྙན་རྩོམ་ཁ་ཤས་དབྱིན་ཇི་དང་ཧྥ་རན་སི། འཇར་མན་དང་ཉི་ཧོང་སོགས་ཀྱི་སྐད་དུའང་བསྒྱུར་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།