སྟོབས་ཆེན་རྒྱལ་ཁབ་གསུམ་གྱིས་རྒྱ་ནག་གི་ཉེན་ཁར་དམིགས་ནས་དམག་ཆེན་གཉིས་པའི་རྗེས་ཀྱི་དམག་ཤུགས་ཆིག་སྒྲིལ་གྱི་གྲོས་མཐུན་ཆེ་ཤོས་དེ་བཞག་འདུག

མང་གཙོའི་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་གི་དབང་ཤུགས་དང་ཧམ་ཤེད་ལ་སེམས་འཚབ་དང་། དེར་ཁ་གཏད་གཅོག་རྒྱུར་བྲེལ་བཞིན་པའི་སྐབས་འདིར། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཆེ་ཤོས་གསུམ་སྟེ། ཨ་རི་དང་། དབྱིན་ཇི། ཨོ་སི་ཁྲུ་ལི་ཡ་གསུམ་གྱིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་ཤུགས་ཆིག་སྒྲིལ་བྱེད་རྒྱུའི་གྲོས་མཐུན་ཞིག་བཞག་འདུག་ཅིང་། ཉམས་ཞིབ་པ་ཚོས་དེ་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་“རྒྱལ་སྲུང་མཉམ་འབྲེལ་ཆེ་ཤོས་དེ་”ཡིན་པའི་འགྲེལ་བརྗོད་བྱས་འདུག
ཕྱི་ཟླ་ ༩ ཨ་རིའི་ཚེས་ ༡༥ རེས་གཟའ་ལྷག་པའི་ཉིན་ཕྱིར་བསྒྲགས་བྱས་པའི་ཨ་ཁུའུ་སཱ་(Aukus)ཞེས་པའི་“ལོ་རྒྱུས་རང་བཞིན་ཅན་”གྱི་གྲོས་མཐུན་དེའི་ནང་། མང་གཙོའི་སྟོབས་ཆེན་རྒྱལ་ཁབ་གསུམ་གྱིས་ཕན་ཚུན་གསང་བའི་གནས་ཚུལ་མཁོ་སྤྲོད་དང་། གོ་མཚོན་དང་། འཕྲུལ་ཆས། དྲ་བའི་མ་ལག་སོགས་མཉམ་སྤྱོད་བྱས་ཏེ་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་ཤུགས་ཆིག་སྒྲིལ་བྱེད་རྒྱུ་ཡིན་འདུག་པ་མ་ཟད། གྲོས་མཐུན་དེའི་འོག་ལ། ཨོ་སི་ཁྲུ་ལི་ཡས་ཨ་རིས་མཁོ་སྤྲོད་བྱས་པའི་འཕྲུལ་ཆས་མ་ལག་བེད་སྤྱོད་བྱས་ཏེ་རྡུལ་ཕྲན་ཆུ་འོག་གྲུ་གཟིངས་(nuclear-powered submarines)ཐོག་མ་རྣམས་ཀྱང་བཟོ་རུ་འཇུག་གི་ཡོད་འདུག
ཉེ་བའི་ལོ་ཤས་ནང་། རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་བཙན་འཛུལ་དང་ཧམ་ཤེད་ངོམ་པ་ཤུགས་ཆེ་རུ་འགྱུར་བཞིན་པར་བརྟེན། འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་རྣམས་དེ་ལ་སེམས་འཚབ་དང་འཇིགས་སྣང་ལངས་ནས་རྒྱ་ནག་གི་བཙན་ཤེད་འགོག་ཐབས་ལ་རིག་པ་སྒྲིམ་བཞིན་པའི་སྒང་ཡིན།
ཨ་རིའི་སྲིད་འཛིན་བྷ་ཌན་དང་། དབྱིན་ཇིའི་སྲིད་བློན་ཇོན་སན། ཨོ་སི་ཁྲུ་ལི་ཡའི་སྲིད་བློན་མོ་རཱ་ས་སོན་གསུམ་གྱིས་མཉམ་འབྲེལ་ཐོག་ནས་བཏང་བའི་བསྒྲགས་གཏམ་ནང་། རྒྱལ་ཁབ་གསུམ་གྱི་མཉམ་འབྲེལ་གསར་པ་དེ་ནི་ཞི་བདེ་རྒྱ་མཚོའི་ཁུལ་དུ་“ཞི་བདེ་དང་འཕེལ་རྒྱས་”གོང་མཐོར་གཏོང་བའི་ཆེད་དུ་དམིགས་པ་ཞིག་ཡིན་པའི་འགྲེལ་བརྗོད་བྱས་འདུག
དུས་རྒྱུན་ལྟར། ཝ་ཤིན་ཏྲོན་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་ནས་རྒྱལ་ཁབ་གསུམ་གྱིས་“གྲང་དམག་དང་དབྱེ་འབྱེད་ཀྱི་བསམ་བློ་”ཐོགས་ནས་མཉམ་འབྲེལ་གྱི་བྱ་སྤྱོད་དེ་སྤེལ་གྱི་ཡོད་ཅེས་སྐྱོན་བརྗོད་བྱས་འདུག
རྒྱ་ནག་གི་དབང་ཤུགས་ལ་སེམས་ཁྲལ་དང་། དེ་ལ་མཉམ་འབྲེལ་ཐོག་ནས་ཁ་གཏད་གཅོག་པའི་གྲ་སྒྲིག་བྱེད་མཁན་གོང་གི་རྒྱལ་ཁབ་གསུམ་པོ་ཙམ་མ་ཡིན་པར་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ཀྱང་ཡོད་དེ། བདུན་ཕྲག་གོང་མ་རང་ལ་ཉི་ཧོང་དང་ཝི་ཊི་ནཱམ་(Vietnam)གཉིས་ཀྱི་བར་དུ་རྒྱལ་སྲུང་མཚོན་ཆ་དང་འཕྲུལ་ཆས་ཉོ་ཚོང་གི་གྲོས་ཆོད་གསར་པ་ཞིག་བཞག་ཡོད། །

གསར་འགོད་པ་དཀོན་མཆོག་རབ་བརྟན། 


Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།