སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་ཆིབས་བསྒྱུར་བསྐྱངས་པ།
ཕྱི་ལོ་ ༢༠༢༤ ཟླ་བ་ ༨ ཚེས་ ༢༠ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་ཆིབས་བསྒྱུར་བསྐྱངས་ཡོད་འདུག
དེ་ཡང་ཕྱི་ལོ་ ༢༠༢༤ ཟླ་བ་ ༦ ཚེས་ ༢༨ ཉིན་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནིའུ་ཡོག་མངའ་སྡེའི་བྱང་ཕྱོགས་སའེ་ར་ཁྱུ་སི་ (Syracuse) ས་གནས་ཀྱི་ (Nappi Farmhouse) ཞེས་པར་བདུན་ཕྲག་དྲུག་རིང་སྐུའི་ངལ་གསོ་མཛད་ཡོད་པ་དང་། སྐུའི་ངལ་གསོའི་རིང་འབྲེལ་ཡོད་རྣམ་པས་མགོན་པོ་གང་ཉིད་མཆོག་ལ་དམིགས་བསལ་ཞབས་ཞུ་ལྷོད་མེད་ཞུས་ཡོད་པ་མ་ཟད། ཞབས་པུས་བསྙུང་གཞི་མྱུར་དྭངས་ཆེད་ལུས་རྩལ་སྨན་པ་རྣམས་དང་ལྷན་དུ་ཐུགས་བརྩོན་ཆེན་པོས་སྦྱོང་བརྡར་གནང་ཡོད།
ནིའུ་ཡོག་གྲོང་ཁྱེར་གྱི་གཤག་བཅོས་ཆེད་ལས་སྨན་ཁང་གི་དར་མའི་ལུས་པོ་བསྐྱར་བཟོ་དང་རུས་ཚིགས་གཤག་བཅོས་ཚན་པའི་འགན་འཛིན་སྨན་པ་སྐུ་ཞབས་ཌེ་ཝིཌ་མེ་མེན་ལགས་ཀྱིས། ༸གོང་ས་མཆོག་གི་སྐུ་གཟུགས་ཟླ་བ་ ༦ ནས་ ༡༢ བར་མུ་མཐུད་ཡར་རྒྱས་འགྲོ་རྒྱུའི་རེ་བ་ཡོད་ཚུལ་གསུངས་ཡོད། ཕྱི་ཟླ་ ༨ ཚེས་ ༢༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར། ནིའུ་ཡོག་གྲོང་ཁྱེར་གྱི་ (UBS) རྩེད་འགྲན་ར་བར་མགོན་པོ་གང་ཉིད་མཆོག་སྐུ་ཚེ་ཡུན་དུ་བརྟན་ཆེད་མཚོན་དོན་བརྟན་བཞུགས་འབུལ་ལམ་ཞུ་རྒྱུ་དང་། དེ་རྗེས་སུད་སིར་ཆིབས་བསྒྱུར་གནང་སྟེ་ཛུ་རིག་གྲོང་ཁྱེར་ཏུ་དུས་ཡུན་ཐུང་ཙམ་བཞུགས་པའི་རིང་ཕྱི་ཚེས་ ༢༥ ཉིན་ (Hallenstadion) ཚོགས་ཁང་དུ་སུད་སི་བོད་རིགས་ཚོགས་པས་མཚོན་དོན་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། ཕྱི་ཚེས་ ༢༨ ཉིན་བཞུགས་སྒར་དྷ་རམ་ས་ལར་ཆིབས་བསྒྱུར་མཛད་རྒྱུ་ཡིན་འདུག
གཞན་ཡང་། ནིའུ་ཡོག་ཏུ་༸གོང་ས་མཆོག་གི་ཞབས་པུས་སྨན་བཅོས་གནང་བའི་རིང་སྐུ་ཞབས་སེམ་དང་ཁེ་རོལ་ནེ་པི་སྟངས་དཔྱལ་གཉིས་ནས་མགྲོན་བསུའི་སྣེ་ལེན་གཟབ་རྒྱས་གནང་བ་དང་། ཞབས་པུས་གཤག་བཅོས་ལེགས་གྲུབ་ཡོང་བར་མཐུན་འགྱུར་གོ་སྒྲིག་གནང་བར་༸གོང་ས་མཆོག་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་པ་དང་། ནིའུ་ཡོག་མངའ་སྡེའི་སའེ་ར་ཁྱུ་སི་གྲོང་ཁྱེར་གྱི་ཨབ་སི་ཊེཊ་སྨན་ཁང་ཆེན་མོའི་ལུས་རྩལ་སྨན་བཅོས་ཚོགས་པ་དང་སྨན་པ་རྣམས་༸གོང་ས་མཆོག་གི་བཞུགས་གནས་སུ་ཆེད་གཏོང་གནང་སྟེ། ཁོང་རྣམ་པས་སྨན་བཅོས་དང་མཐུན་འགྱུར་ཞབས་ཞུ་རྒྱ་ཆེ་གནང་བར་སྐུའི་ཆིབས་ཞབས་པ་ཡོངས་ཀྱིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད།
དགའ་ལྡན་ཕོ་བྲང་གི་དྲྭ་བ་ནས་དྲངས།