སྤྱི་མཐུན་མཉམ་འབྲེལ་གྱི་ལོ་རེའི་ཁེ་བཟང་ཧིན་སྒོར་འབུམ་ཉིས་བརྒྱ་ཙམ་ཡིན།

ཟླ་འདིའི་ཚེས་༢༠ ཉིན་གྱི་སྔ་དྲོ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གསར་འཛུགས་བྱས་ནས། ལོ་བཅུ་འཁོར་བའི་དུས་དྲན་མཛད་སྒོ་ཞིག་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་འཚོགས་ཡོད་པ་དང་། ད་ལྟ་སྤྱི་མཐུན་མཉམ་འབྲེལ་ཁོངས་སུ་ས་གནས་ཀྱི་མཉམ་འབྲེལ་བཅོ་ལྔ་ཡོད་པ་རེད།

ཟླ་འདིའི་ཚེས་༢༠ ཉིན་གྱི་སྔ་དྲོ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གསར་འཛུགས་བྱས་ནས། ལོ་བཅུ་འཁོར་བའི་དུས་དྲན་མཛད་སྒོ་ཞིག་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་འཚོགས་ཡོད་པ་དང་། ད་ལྟ་སྤྱི་མཐུན་མཉམ་འབྲེལ་ཁོངས་སུ་ས་གནས་ཀྱི་མཉམ་འབྲེལ་བཅོ་ལྔ་ཡོད་པ་རེད།

_MG_7348མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་དང་། དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ། རྒྱལ་གར་རྒྱལ་ཡོངས་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་ཅཱན་དྷ་ར་ ཕལ་ སེན་(Dr Chandra Pal Yadav) བོད་མི་མང་སྤྱི་འཐུས་ཁག་ཅིག བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཁག་ཅིག བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གི་སྐུ་ཚབ་སོགས་ཕེབས་ཡོད་པ་རེད།

མཛད་སྒོའི་ཐོག་བོད་མིའི་སྤྱི་མཐུན་མཉམ་འབྲེལ་སྤྱི་ཁྱབ་ཚོགས་གཙོ་པདྨ་བདེ་ལེགས་ཀྱིས་བཙན་བྱོལ་སྤྱི་ཚོགས་ནང་སྔོན་མ་ནས་ས་གནས་ཁག་ཅིག་ཏུ་མཉམ་འབྲེལ་གསར་འཛུགས་བྱས་ཡོད་སྐོར་དང་། མཉམ་འབྲེལ་འཛུགས་དགོས་པའི་དམིགས་ཡུལ་སྐོར། དེའི་སྐབས་མཉམ་འབྲེལ་འགན་འཛིན་གྱིས་མཚོན་ལས་བྱེད་ཚང་མ་བོད་གཞུང་གིས་བསྐོ་བཞག་བྱེད་ཀྱི་ཡོད་སྐོར། བར་ལམ་ཚོང་ལས་ཡག་པོ་མ་བྱུང་ནས་དཀའ་ངལ་འཕྲད་མྱོང་ཡོད་སྐོར་ཡང་ངོ་སྤྲོད་གནང་ཡོད་པ་རེད། དེ་བཞིན་༢༠༠༥ ལོར་རྒྱ་གར་ནང་གི་ས་གནས་ཚང་མར་ཁྱབ་ཐུབ་པའི་སྤྱི་མཐུན་མཉམ་འབྲེལ་གསར་འཛུགས་བྱས་སྐོར་དང་། མཉམ་འབྲེལ་ཚང་མ་རང་སྐྱོང་སྡེ་ཚན་དུ་བསྒྱུར་བའི་བརྒྱུད་རིམ། ད་ལྟའི་ལས་དོན་བྱེད་ཕྱོགས། མ་འོངས་པའི་འཆར་གཞི་སྐོར་སོགས་དང་། རྒྱ་གར་ལ་ཆ་མཚོན་ན་ཡང་སྔོན་ནས་མཉམ་འབྲེལ་རིགས་མང་པོ་བཙུགས་ཡོད་པའི་ཁེ་ཕན་སྐོར་སོགས་ངོ་སྤྲོད་བྱས་ཡོད་པ་རེད།

སྤྱི་མཐུན་མཉམ་འབྲེལ་སྤྱི་ཁྱབ་འགན་འཛིན་བཀྲ་ཤིས་དབང་འདུས་ཀྱིས་ལོ་བཅུ་རིང་གི་སྤྱི་མཐུན་མཉམ་འབྲེལ་གྱི་ལས་དོན་གཙོ་བོ་གང་བྱས་ཡོད་མེད་སྐོར་གསུང་བཤད་གནང་སྐབས། སྤྱི་མཐུན་མཉམ་འབྲེལ་གསར་འཛུགས་བྱས་ནས་གཞིས་ཆགས་ཁག་ཏུ་སྲོལ་རྒྱུན་སྟོན་འབྲས་ཕྱིར་ཚོང་གིས་མཚོན་སོ་ནམ་ཞིང་ལས་ཡར་རྒྱས་གཏོང་ཐབས་དང་། སྟོན་འབྲས་ཕྱིར་ཚོང་ཡོང་ཐབས། དེ་བཞིན་སྦང་ལོར་གྲོང་ཁྱེར་དུ་བོད་མིའི་ཁྲོམ་ར་གསར་འཛུགས་བྱས་ཡོད་པ་རེད། བོད་མིའི་མཉམ་འབྲེལ་ཁག་ནང་ལོ་རེར་དངུལ་རྩིས་ཧིན་སྒོར་ས་ཡ་ཆིག་སྟོང་ལྷག་གི་ཚོང་ལས་གཉེར་བཞིན་པ་དང་། ལོ་རེའི་ཁེ་བཟང་ཧིན་སྒོར་འབུམ་ཉིས་བརྒྱ་ཙམ་བྱུང་ཡོད་འདུག དེ་བཞིན་མཉམ་འབྲེལ་ཁག་ནང་འདས་པའི་ལོ་ཤས་རིང་ཚོགས་ཁང་དང་། ལས་ཁུངས། ཁྲོམ་ར། མགྲོན་ཁང་། དོ་ཁང་། ལས་ཤག་བཅས་ཕྱིའི་རོགས་སྐྱོར་མེད་པར་མཉམ་འབྲེལ་རང་གི་མ་དངུལ་ནས་ཧིན་སྒོར་ས་ཡ་བརྒྱ་དང་ཉི་ཤུ་ལྷག་གི་འཛུགས་སྐྲུན་ལས་གཞི་བསྐྲུན་ཡོད་པ་རེད། དེ་བཞིན་བོད་མིའི་ཚོང་ལས་ཡར་རྒྱས་ཡོང་ཆེད་དང་། གཞིས་ཆགས་ཁག་གི་འཕྲོད་བསྟེན་སོགས་ཡར་རྒྱས་ཡོང་ཆེད་དུ་ལས་དོན་བྱས་ཡོད་པ་རེད། བོད་མིའི་གཞོན་སྐྱེས་ཚོ་རིག་གཅིག་རྐང་འཛིན་གྱི་སློབ་སྦྱོང་ཆེད་དུ་རྒྱ་གར་གྱི་མཐོ་སློབ་ཁག་ལ་འབྲེལ་བ་བྱས་ཏེ། ད་ལོ་སློབ་མ་༧༥ ལ་སློབ་ཡོན་བརྒྱ་ཆ་༩༠ ཆགས་ཡང་ཡོང་ཐབས་བྱས་ཡོད་པ་རེད།

རྒྱལ་གར་རྒྱལ་ཡོངས་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་ཅཱན་དྷ་ར་ ཕལ་ སེན་གྱིས་སྤྱིར་བཏང་མཉམ་འབྲེལ་གལ་ཆེན་པོ་ཡིན་སྐོར་དང་། མཉམ་འབྲེལ་ནང་ལས་ཀ་བྱེད་མཁན་གྱིས་འགན་ཡག་པོ་ཁུར་དགོས་སྐོར་དང་། གཙོ་བོ་གཅིག་མཉམ་འབྲེལ་གྱི་འགན་འཛིན་ལྷན་ཚོགས་ནང་མི་གལ་ཆེན་པོ་ཡོད་དགོས་སྐོར། དེ་བཞིན་མཉམ་འབྲེལ་ནང་བུད་མེད་དང་ན་གཞོན་མང་པོ་སླེབས་ཐབས་དགོས་སྐོར་གསུངས་སོང་།

ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མས་མཉམ་འབྲེལ་དང་འབྲེལ་བའི་སྐོར་ལ་གཏམ་བཤད་གནང་སྐབས། མཉམ་འབྲེལ་ཁག་གསར་འཛུགས་སྐབས་ཕུགས་རྒྱང་རིང་པོར་བསམ་བློ་བཏང་ཡོད་པ་དང་། དེས་དབུས་བོད་མིའི་སྒྲིག་འཛུགས་དང་གཞིས་ཆགས་ཁག་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར། ད་ལྟ་མཉམ་འབྲེལ་ཚགས་ཚུད་དུ་གཏོང་དགོས་པ་དང་། མཉམ་ལས་དང་མཐུན་སྒྲིལ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་ལ། བོད་མིའི་མཉམ་འབྲེལ་གྱིས་རང་ཁོངས་མི་མང་དང་ཤས་བདག་མི་མང་ལ་ཕན་ཐོགས་གཙོ་བོ་དགོས་སྐོར་དང་། བོད་མིའི་ཁེ་ལས་སྡེ་ཚན་རང་སྐྱོང་གི་ངོ་བོར་གནས་ཡོད་སྐོར། རྩིས་ཞིབ་ཀྱང་དེ་ལུགས་ཞིབ་ཚགས་པོ་ཡོང་གི་ཡོད་སྐོར། མཉམ་འབྲེལ་ཁག་བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་ཡོད་དགོས་སྐོར་དང་། དེའི་བདག་དབང་གཙོ་བོ་ས་གནས་མི་མང་ལ་ཡོད་སྐོར་སོགས་ངོ་སྤྲོད་གནང་སོང་།

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་གཏམ་བཤད་གནང་སྐབས། བོད་གཞུང་གི་ངོས་ནས་དཔལ་འབྱོར་སྒེར་བདག་ཅན་དུ་བསྒྱུར་བ་དང་། སྤྱི་མཐུན་མཉམ་འབྲེལ་རང་སྐྱོང་སྡེ་ཚན་དུ་བསྒྱུར་རེད། ལོ་རེ་ལོ་རེར་ལས་བསྡོམས་སྙིང་བསྡུས་པར་སྐྲུན་བྱེད་ཐུབ་ན་ཚང་མར་ཤེས་རྟོགས་ཆེད་ཕན་ཐོགས་ཡོད་སྐོར། མཉམ་འབྲེལ་ཁག་གི་འགན་ཁུར་བ་འོས་འདེམས་སྐབས། གཙོ་བོ་ཚོང་ལས་སྐོར་ལ་སློབ་སྦྱོང་ཡོད་མཁན་ཞིག་དགོས་སྐོར་དང་། ཚོང་རྒྱག་རྒྱུར་ཉེན་ཁ་ཞིག་ཡོད་པས། དེའི་ཉེན་ཁ་དེར་གདུང་ལེན་བྱེད་ཐུབ་མཁན། ཚོང་ལས་གསར་གཏོད་བྱེད་ཐུབ་མཁན་ཞིག་དགོས་པ་ལས། མི་བརྟན་པོ་ཞིག་བསྐོ་བཞག་བྱས་པ་གཅིག་པུས་ཚོང་ལས་བྱེད་མི་ཐུབ་སྐོར་གསུངས་སོང་ལ། མཉམ་འབྲེལ་གྱི་ཁེ་ཕན་ཁག་མི་མང་ཚང་མར་གཅིག་མཚུངས་ཐོབ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།

སྲིད་སྐྱོང་བློ་བཟང་སེང་གེས་མཉམ་འབྲེལ་དེ་གལ་ཆེན་པོ་ཡིན་སྐོར་དང་། དེ་སྔོན་ཚོང་གི་ཁེ་ཕན་ཡག་པོ་བྱུང་ཡོད་སྐོར་དང་། ཚོང་ལས་དེ་ཁེ་བཟང་གཙོ་བོར་བཟུང་ནས་གྲོང་ཁྱེར་ཆེ་ཁག་ནང་ཚོང་གི་བསྟི་གནས་འཛུགས་རྒྱུ་གལ་ཆེན་པོ་ཡིན་འང་། གཙོ་བོ་བོད་མིའི་གཞིས་ཆགས་སྲ་བརྟན་དང་མཉམ་གནས་ཡོང་ཐབས་བྱས་ཏེ། བོད་ཀྱི་ངོ་བོ་མ་བརླགས་པ་དང་། གཞོན་སྐྱེས་ཚོར་བོད་ཀྱི་རིག་གཞུང་དང་གོམས་གཤིས་འཇག་ཐབས་སུ་ལས་དོན་བྱེད་དགོས་སྐོར། ད་ལྟ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་མཉམ་འབྲེལ་གྱི་ཚོང་ལས་དེ་མ་རྩ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་གཉིས་ཀ་མ་ཡིན་པར། མང་གཙོའི་ནང་གི་དཔལ་འབྱོར་ལམ་ལུགས་ཤིག་ཡིན་སྐོར་དང་། གཙོ་བོ་དེ་མི་མང་ཡིན་སྐོར་གྱི་གསུང་བཤད་གནང་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།