སྤྱི་འཐུས་ཀྱི་ཐབས་བྱུས་ཚོགས་འདུ་ཐེངས་གཉིས་པ་དབུ་འཛུགས་གནང་འདུག
ཟླ་༡༡ ཚེས་ ༢༢ ཉིན་རྡ་སར་རྟེན་གཞི་བྱས་པའི་ནི་བྷ་ན་གསོལ་མགྲོན་ཁང་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཉིན་གྲངས་བཞིའི་རིང་གོ་སྒྲིག་ཞུས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་ཚོགས་འདུ་དབུ་འཛུགས་གནང་ཡོད་འདུག
ཟླ་༡༡ ཚེས་ ༢༢ ཉིན་རྡ་སར་རྟེན་གཞི་བྱས་པའི་ནི་བྷ་ན་གསོལ་མགྲོན་ཁང་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཉིན་གྲངས་བཞིའི་རིང་གོ་སྒྲིག་ཞུས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་ཚོགས་འདུ་དབུ་འཛུགས་གནང་ཡོད་འདུག
ཐེངས་འདིའི་ཐབས་བྱུས་ཚོགས་འདུའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་དང་། ཚོགས་གཞོན་སྒྲོལ་མ་ཚེ་རིང་། དེ་བཞིན་སྤྱི་འཐུས་རྣམ་པ་བཅས་མཉམ་ཞུགས་གནང་འདུག
ད་རེས་ཀྱི་ཐབས་བྱུས་ཚོགས་འདུ་དེ་བཞིན་ཐེངས་གཉིས་པ་ཆགས་ཀྱི་ཡོད་པ་དང་། དེ་སྔོན་ཕྱི་ཟླ་ ༩ པའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ལྡི་ལི་ཉེ་འགྲམ་ཧར་ཡ་ན་མངའ་སྡེའི་ནང་ཐབས་བྱུས་ཚོགས་འདུ་ཐེངས་དང་པོ་དེ་འཚོགས་གནང་ཡོད་པ་རེད་འདུག
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གིས་གསུང་བཤད་གནང་དོན། དེ་རིང་ང་ཚོའི་ཐབས་བྱུས་ཚོགས་འདུ་འདིའི་དགོས་དམིགས་དང་། ནང་དོན་བརྗོད་གཞི་དང་འབྲེལ་བའི་ཐོག་ནས་ང་ཚོའི་རེ་བ་དང་། དམིགས་ཡུལ་གང་འདྲ་ཡིན་མིན་ཐོག་མདོར་བསྡུས་ཙམ་ཞུས་ན་བསམ་བྱུང་། རྩ་བའི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་འགོ་བཙུགས་པའི་རྗེས་ལ་ཚོགས་གཙོ་སྦྲེལ་པོའི་ངོས་ནས་སྔོན་མའི་ལམ་ལུགས་གཞིར་བཟུར་ད་ལྟའི་དགོས་ཕན་ལ་བལྟས་ནས་ཐབས་བྱུས་ཚོགས་འདུ་ཞིག་འཚོག་རྒྱུའི་ལས་འཆར་བསྒྲིགས་ཡོད་ཅིང་། དེ་ཡང་སྤྱི་འཐུས་ཚང་མ་མཉམ་དུ་འཛོམས་རྒྱུ་ཁག་པོ་ཆགས་དུས་ཕྱེད་ཀ་ཕྱེད་ཀ་འདྲ་པོ་བྱས་ནས་ཐབས་བྱུས་ཚོགས་འདུ་ཐེངས་གཉིས་འཚོགས་རྒྱུ་དང་། གཅིག་དེ་རྒྱལ་ས་ལྡི་ལིར་དང་། གཉིས་པ་དེ་བཞུགས་སྒར་རྡ་སར་འཚོགས་རྒྱུའི་བང་རིམ་བསྒྲིགས་ཡོད། ཡིན་ནའང་རྗེས་ལ། རོགས་ཚོགས་མཉམ་དུ་སྐད་ཆ་ཤོད་རྒྱུ་དང་། སྤྱི་འཐུས་རྣམ་པ་བཞུགས་མོལ་ཚོགས་འདུ་ཚོགས་པའི་སྐབས་སུ་སྤྱི་འཐུས་ཡོངས་རྫོགས་མཉམ་འཛོམས་ཐོག་ཐབས་བྱུས་ཚོགས་འདུ་འཚོགས་རྒྱུའི་ཐག་གཅོད་བྱུང་བ་གཞིར་བཟུང་། རོགས་ཚོགས་ངོས་ནས་རོགས་དངུལ་ཞལ་བཞེས་དང་། དངུལ་མ་འདང་བ་ཡིན་ནའང་ཁ་གསབ་བྱེད་ཀྱི་ཡིན་ཞེས་གསུངས་པ་ལྟར། བོད་མི་མང་སྤྱི་འཐུས་སྐབས་བཅུ་བདུན་པའི་ཐབས་བྱུས་ཚོགས་འདུ་ཐེངས་དང་པོ་དེ་ལྡི་ལི་ཉེ་འགྲམ་ཧར་ཡ་ནར་ཚོགས་ཤིང་། དེ་དུས་སྤྱི་འཐུས་ཁ་ཤས་མ་གཏོགས་ཚང་མ་མཉམ་འཛོམས་བྱེད་ཐུབ་ཡོད་རེད། དེའི་སྐབས་ནང་དོན་གཙོ་བོ་དེ། རྒྱལ་སྤྱིའི་ཐོག་འབྲེལ་ལམ་གནང་ཕྱོགས། དེ་བཞིན་རྒྱལ་སྤྱིའི་ནང་བོད་ཀྱི་གནད་དོན་འགྲེལ་བཤད་རྒྱག་ཕྱོགས་དང་། དོ་སྣང་བྱེད་ཕྱོགས། གནས་ཡུལ་རྒྱ་གར་གྱིས་གཙོས་ཨེ་ཤ་ཡའི་ནང་བོད་དོན་དང་འབྲེལ་བའི་ཐོག་ནས་འབྲེལ་ལམ་བྱེད་ཕྱོགས་སོགས་ཀྱི་ནང་དོན་གཙོ་བོར་བྱས་ནས་ཚོགས་འདུ་ཚོགས་པ་རེད།
ད་རེས་ཀྱི་ཐབས་བྱུས་ཚོགས་འདུ་འདིའི་ནང་དོན་སྔོན་མ་དང་ཏོག་ཙམ་མི་འདྲ་བ་ཆགས་ཀྱི་ཡོད་ཅིང་། འདིའི་ནང་མང་བ་དེ་བོད་ནང་གི་གནས་སྟངས་གཙོ་བོར་བྱས་ཡོད། དཔེར་ན། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་སྲིད་བྱུས་འཛིན་སྟངས་དང་སྒྲོམ་གཞི། ཉེ་ཆར་ཞི་ཅིན་ཕིན་གྱི་སྲིད་འཛིན་ལས་ཡུན་གསུམ་པ་གཏན་ཁེལ་བ་དང་། དེ་བཞིན་ཕྱག་རོགས་བློན་ཆེན་རྣམས་ཀྱང་གཏན་ཁེལ་ཟིན་ཡོད་སྟབས། ཁོང་རྣམ་པའི་བསམ་བློ་འཁྱེར་སོ་གང་འདྲ་ཡོད་མེད་དང་། མ་འོངས་པའི་ཁ་ཕྱོགས་ག་བར་འགྲོ་ས་རེད་བསམ་ནས། དེ་ཚོའི་ཐོག་ལ་བོད་མིའི་སྒྲིག་འཛུགས་ནང་ཉམས་ཞིབ་གནང་མཁན་རྣམ་པས་འགྲེལ་བརྗོད་གནང་རྒྱུ་དང་། དེ་བཞིན་རྒྱ་ནག་གིས་སྲིད་བྱུས་འཛིན་སྟངས་ལ་བརྟེན་ནས་བོད་ནང་གི་ཆོས་དད་རང་དབང་དང་། ཁོར་ཡུག་གི་གནས་སྟངས། དཔལ་འབྱོར་སྲིད་བྱུས་ཀྱི་ཐོག་ལ་ཡིན་ནའང་འདྲ། དེ་འདྲའི་ཐོག་ནས་ད་ལྟའི་གནས་བབ་འགྲོ་བཞིན་པའི་ཐོག་ནས་ང་ཚོས་ལངས་ཕྱོགས་ལྟ་བུ་གང་བྱེད་དགོས་པ། དེ་བཞིན་གལ་ཆེ་བ་གཅིག་དེ། བོད་དེ་ལོ་རྒྱུས་གནས་བབ་ཐོག་ནས་གང་འདྲ་ཆགས་ཀྱི་འདུག་གམ། ད་ལྟ་ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་རྒྱ་བོད་དབར་འབྲེལ་ལམ་ཡོང་རྒྱུའི་ཐོག་འབད་བརྩོན་གནང་གི་ཡོད་རེད་དེ། དེའི་རྒྱབ་ལྗོངས་དེ་བོད་ཀྱི་ལོ་རྒྱུས་གནས་བབ་ཤེས་དགོས་པ་གལ་ཆེན་པོ་ཆགས་དུས། དེ་རིང་གི་བརྗོད་གཞི་གལ་ཆེ་བ་གཅིག་ལ་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ཡིན་པ་དང་། དེའི་ཐོག་མཁས་དབང་བྱམས་པ་བསམ་གཏན་ལགས་ཆེད་མངགས་གདན་འདྲེན་ཞུས་ནས་དེ་རིང་གི་ཚོགས་ཐེངས་དང་པོར་བོད་ཀྱི་ལོ་རྒྱུས་གནས་བབ་ཐོག་ནས་ང་ཚོས་རྒྱུས་ལོན་བྱེད་རྒྱུ། རྩ་བའི་སྤྱི་འཐུས་རྣམ་པ་མཁྱེན་རྒྱ་ཡངས་པོ་ཡོད་རེད་དེ། གསུང་བཤད་གནང་མཁན་རྣམ་པ་སོ་སོས་གཏམ་བཤད་གནང་རྒྱུའི་བརྗོད་གཞི་དེ་རང་གི་ཐོག་ལ་ཞིབ་འཇུག་གནང་མཁན་ཡིན་པ་རེད། ཏན་ཏན་བློ་སྐྱེད་མ་འདྲ་བ་ཡོང་གི་རེད་བསམ་གྱི་འདུག
ལོ་རྒྱུས་ཀྱི་གནས་བབ་ལ་བལྟས་པ་ཡིན་ན། བོད་རང་དབང་ལྡན་པའི་ལོ་རྒྱུས་གནས་བབ་གཅིག་དང་། རྒྱལ་སྤྱིའི་ཐོག་བོད་ཀྱི་ལོ་རྒྱུས་གནས་བབ་ཐོག་འགྲེལ་བཤད་སྣ་ཚོགས་ཤིག་རྒྱག་གི་ཡོད་པ་རེད། བོད་ནང་གི་བོད་མི་ཡིན་ནའང་། རྒྱ་ནག་གི་སྲིད་བྱུས་དང་འབྲེལ་བའི་ཐོག་ནས་དེང་སང་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་ཆགས་རྒྱུའི་ཉེན་ཁ་ཆགས་ཀྱི་འདུག བོད་ཟེར་བ་དེ། རེ་བ་བཟང་ཕྱོགས་ནས་བརྒྱབ་ཆོག་གི་ཡོད་པ་རེད། མི་གཅིག་གི་མི་ཚེའི་ནང་བོད་གཞིས་བྱེས་མཉམ་འཛོམས་ཡོང་རྒྱུའི་རེ་བ་བརྒྱབ་ཆོག་གི་ཡོད། ལྡོག་ཕྱོགས་ནས་བསམ་བློ་བཏང་བ་ཡིན་ན། ལོ་བརྒྱ་ཉིས་བརྒྱ་དེ་ལས་མང་བ་བོད་ཀྱི་འཐབ་རྩོད་གནས་སྟངས་ཐོག་མུ་མཐུད་གདོང་ལེན་བྱེད་དགོས་པ་ཡོང་སྲིད་པ་རེད། དེ་ཡིན་དུས། ང་ཚོའི་ངོས་ནས་ད་ལྟའི་མི་རབས་དང་། མི་རབས་གསར་པ། དེའི་རྗེས་ཀྱི་མི་རབས་བཅས་ལ་རྩིས་སྤྲོད་ཆ་ཚང་བ་ཞིག་གནང་ཐུབ་དགོས་པ་དེ་ང་ཚོ་མི་རབས་འདིའི་ལས་འགན་ཆགས་སྟབས། དེ་ཚོའི་ཐོག་ལ་བོད་མིའི་སྒྲིག་འཛུགས་ལྟ་བུ་ཡིན་ན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རེ་ཆེན་པོ་བཅོལ་ནས་མི་མང་ལ་མང་གཙོ་གསོལ་སྩལ་གནང་བ་དང་། མང་གཙོ་གསོལ་སྩལ་གནང་བ་གཞིར་བཟུང་མི་མང་ནས་དེར་རྒྱབ་སྐྱོར་ཆ་ཚང་གནང་སྟེ། མི་མང་གིས་འོས་བླུགས་ནས་འགོ་ཁྲིད་འོས་འདེམས་གནང་གི་ཡོད་རེད།
བདམས་ཚར་བའི་རྗེས་ལ་ང་ཚོ་སྐབས་འདིའི་འགན་ཁུར་མཁན་ཆགས་ཡོང་དུས། ང་ཚོ་གྲོས་ཚོགས་ལྟ་བུ་ཡིན་ནའང་། དེའི་ནང་སྤྱི་འཐུས་རྣམ་པས་གསུང་བཤད་གནང་ཡོང་དུས། རྒྱུ་མཚན་དང་ལྡན་པ། དེའི་རྒྱབ་ལྗོངས་དང་བཅས་པ་གསུང་ཐུབ་པ་ཡིན་ན། ང་རང་ཚོའི་གྲོས་ཚོགས་ཙམ་མ་ཡིན་པར། དེར་གསན་གཟིགས་གནང་མཁན་དོ་སྣང་ཅན་རྣམས་ལའང་གོ་བརྡ་རང་བཞིན་འཕྲོད་འགྲོ་དུས། དེ་གལ་ཆེན་པོ་ཞེ་དྲག་ཆགས་ཀྱི་ཡོད་རེད། དེ་ཡིན་དུས་རྣམ་པ་ཚོས་ཉིན་གྲངས་བཞིའི་རིང་དེ་ཚོའི་ཐོག་ལ་ཐུགས་སྣང་གནང་ཐུབ་དགོས་པ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན།
ངས་མང་པོ་ཞུ་མ་དགོས་པའི་ཐོག་ནས་དེ་ཙམ་ཡིན། དེ་རིང་བོད་ཀྱི་ལོ་རྒྱུས་སློབ་དཔོན་མཁས་དབང་བྱམས་པ་བསམ་གཏན་ལགས་དང་པོ་འབྲེལ་བ་བྱེད་དུས། ཞལ་བཞེས་གནང་ནས་ཝ་ར་ན་སི་ནས་ཆེད་མངགས་འདིར་གསུང་བཤད་གནང་རྒྱུར་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག
ལོ་རྒྱུས་སློབ་དཔོན་བྱམས་པ་བསམ་གཏན་གྱིས་ “བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ།” ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བདེ་ཆེན་དཔལ་མོས་ “བོད་མཐོ་སྒང་གི་ཁོར་ཡུག་གནས་བབ།” ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཚུལ་ཁྲིམས་ཀྱིས་ “བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་རིང་བསམ་གྲུབ་ཀྱིས་ “རྒྱ་གཞུང་གིས་བོད་ནང་དཔལ་འབྱོར་སྲིད་བྱུས་ཀྱི་གནས་བབ།” ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།