བསྟན་འཛིན་ཆོས་འཛིན་གྱིས་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུས་སོང་།
བོད་མི་མང་དབུས་གཙང་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་ནས་སྐབས་༡༧ པའི་སྤྱི་འཐུས་ནས་རྩ་དགོངས་ཞུས་པར་བརྟེན། སྐབས་༡༧ པའི་དབུས་གཙང་སྤྱི་འཐུས་དངོས་གཞིའི་འོས་བསྡུའི་སྐབས་ཀྱི་སྒུག་ཐོའི་བང་རིམ་དང་པོ་བསྟན་འཛིན་ཆོས་འཛིན་གྱིས་ཟླ་༢ པའི་ཚེས་ ༢ ཉིན་གྲོས་ཚོགས་ཚོགས་ཁང་ནང་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱི་མདུན་དུ་སྐབས་༡༧ པའི་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུས་འདུག
བོད་མི་མང་དབུས་གཙང་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་ནས་སྐབས་༡༧ པའི་སྤྱི་འཐུས་ནས་རྩ་དགོངས་ཞུས་པར་བརྟེན། སྐབས་༡༧ པའི་དབུས་གཙང་སྤྱི་འཐུས་དངོས་གཞིའི་འོས་བསྡུའི་སྐབས་ཀྱི་སྒུག་ཐོའི་བང་རིམ་དང་པོ་བསྟན་འཛིན་ཆོས་འཛིན་གྱིས་ཟླ་༢ པའི་ཚེས་ ༢ ཉིན་གྲོས་ཚོགས་ཚོགས་ཁང་ནང་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱི་མདུན་དུ་སྐབས་༡༧ པའི་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུས་འདུག
སྐབས་དེར་ཚོགས་གཙོས་གསུང་བཤད་གནང་དོན། བོད་མི་མང་དབུས་གཙང་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་སྤྱི་འཐུས་ཀྱི་ལས་ཁུར་ནས་དགོངས་པ་ཞུས་ཟིན་པ་དང་། དེ་རིང་ང་ཚོ་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་ཁྲིམས་སྒྲིག་ཐོག་ནས་བསྟན་འཛིན་ཆོས་འཛིན་དངོས་སུ་སྐབས་༡༧ པའི་སྤྱི་འཐུས་ཀྱི་དམ་འབུལ་ཞུས་ཐུབ་པར་ཚོགས་གཙོ་སྦྲེལ་པོའི་ངོས་ནས་འཚམས་འདྲི་ཞུ་རྒྱུ་ཡིན། རྩ་བའི་འདས་པའི་ཟླ་བ་ཁ་ཤས་དང་། འབྱུང་འགྱུར་ལོ་ལྔའི་ནང་ལ་ང་ཚོ་མཉམ་དུ་ཕྱག་ལས་གནང་རྒྱུའི་གོ་སྐབས་ཡོང་གི་ཡོད་རེད། སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལྟ་བུར་མཚོན་ན། སློབ་སྦྱོང་རེད། སྤྱི་ཚོགས་ཀྱི་ཉམས་མྱོང་བཅས་ཀྱི་ཐོག་ནས་ཏན་ཏན་ང་ཚོ་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཐུགས་ཕན་གསོ་ཐུབ་ཀྱི་རེད་བསམ་གྱི་འདུག གཙོ་བོ་ང་ཚོ་ཚང་མས་གལ་ཆེ་བ་དེ། བོད་སྤྱི་པ་དང་། བོད་བསྟན་སྲིད་ཀྱི་ཆེད་དུ་ནུས་པ་མཉམ་སྤུངས་དང་། ཕྱར་གྲུ་མཉམ་འདེགས་ཞུ་ཐུབ་རྒྱུར་ཚང་མས་དགོངས་པར་བཅང་དགོས་པ་དེ་གལ་ཆེན་པོ་རེད་འདུག་ཅེས་གསུངས་འདུག
སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ནི་ཕྱི་ལོ་༡༩༩༢ ཟླ་༧ ཚེས་༢༧ ཉིན་བཞུགས་སྒར་རྡ་རམ་ས་ལར་འཁྲུངས་ཤིང་། རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་ནས་གཞི་རིམ་སློབ་སྦྱོང་དང་། གོ་པལ་པུར་བོད་ཕྲུག་ཁྱིམ་སྡེ་ནས་འཛིན་རིམ་བཅུ་གཉིས་སློབ་མཐར་སོན་རྗེས། རྒྱ་གར་གྲོང་ཁྱེར་ཅི་ནའི་ (Chennai) ནང་རྟེན་གཞི་བྱས་པའི་མ་དྷ་རཱ་སི་ཡེ་ཤུའི་མཐོ་སློབ་ (Madras Christian College) ནས་ཨིན་ཡིག་རྩོམ་རིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ནེ་རུ་གཙུག་ལག་སློབ་གཉེར་ཁང་ (JNU) ནས་ཨིན་ཡིག་སློབ་ཚན་ཐོག་གཙུག་ལག་རབ་འབྱམས་པའི་སློབ་མཐར་སོན།
ཕྱི་ལོ་༢༠༡༦ ནས་༢༠༡༧ བར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འཆར་འགོད་འགན་འཛིན་གྱི་འགན་ཁུར་ཞུསཤིང་། ཕྱི་ལོ་༢༠༡༧ ནས་༢༠༢༠ བར་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལྷན་ཁང་གི་ན་གཞོན་རོགས་སྐྱོར་ཚན་པའི་ཁྱབ་ཁོངས་འོག་ཡོད་པའི་བོད་མིའི་མདུན་ལམ་སློབ་སྟོན་ཁང་གི་འགན་འཛིན་གྱི་འགན་ཁུར་ཞུས། ད་ལྟ་རྡ་སར་རྟེན་གཞི་བྱས་པའི་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་དུ་ཕྱག་ལས་གནང་བཞིན་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།