སྤྱི་འཐུས་ལྷན་ཚོགས་ནས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་ཆེན་མོར་མཉམ་ཞུགས་མི་བྱེད་པའི་འབོད་སྐུལ་བྱས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རང་དབང་ཅན་གྱི་རྒྱལ་ཁབ་ལ་“པེ་ཅིང་དགུན་ཁའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཐོག་གཞུང་འབྲེལ་མི་སྣ་མཉམ་ཞུགས་གནང་རྒྱུ་མིན་པའི་ཐག་གཅོད་གནང་སྐྱོང་ཡོང་བའི་འབོད་སྐུལ་”ཞུས་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རང་དབང་ཅན་གྱི་རྒྱལ་ཁབ་ལ་“པེ་ཅིང་དགུན་ཁའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཐོག་གཞུང་འབྲེལ་མི་སྣ་མཉམ་ཞུགས་གནང་རྒྱུ་མིན་པའི་ཐག་གཅོད་གནང་སྐྱོང་ཡོང་བའི་འབོད་སྐུལ་”ཞུས་འདུག
༢༠༢༢ ལོའི་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་ཆེན་མོ་འཚོགས་པར་ཟླ་བ་གཉིས་ཙམ་ལས་མེད་པའི་སྐབས་འདིར། རྒྱལ་སྤྱིའི་རྩེད་འགྲན་ཆེ་ཤོས་དེ་གཞུང་འབྲེལ་ཐོག་ནས་བཀག་སྡོམ་(diplomatic boycott of Beijing Olympics) བྱེད་མཁན་གྱི་རྒྱལ་ཁབ་མང་དུ་འགྲོ་བཞིན་ཡོད་དེ། བདུན་གོང་མའི་རེས་གཟའ་ཟླ་བའི་ཉིན་ཨ་རིའི་སྲིད་གཞུང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ངོ་རྒོལ་བྱེད་པའི་ཆེད་དུ་ཨ་རིའི་གཞུང་འབྲེལ་མི་སྣ་གཅིག་ཀྱང་༢༠༢༢ ལོའི་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་ཆེན་མོར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་བའི་རྗེས། ད་བར་དུ་ཨོ་སི་ཁྲུ་ལི་ཡ་དང་། དབྱིན་ཇི། ཁ་ན་ཌ། ལི་ཐི་ནི་ཡ་ལ་སོགས་ཀྱི་མང་གཙོའི་རྒྱལ་ཁབ་༧ ཙམ་གྱིས་གཞུང་འབྲེལ་ཐོག་ནས་༢༠༢༢ ལོའི་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་ཆེན་མོ་བཀག་སྡོམ་བྱས་ཟིན།
སྤྱི་འཐུས་ལྷན་ཚོགས་ནས་རེས་གཟའ་ཟླ་བའི་ཉིན་སྤེལ་བའི་གསར་འགོད་བསྒྲགས་གཏམ་གྱི་ནང་དུ། རང་དབང་ལ་དགའ་བའི་རྒྱལ་ཁབ་ཁག་གིས་སོ་སོའི་དཔལ་འབྱོར་སོགས་ཀྱི་ཁེ་ཕན་ལས་འགྲོ་བ་མིའི་ཐོབ་ཐང་གལ་ཆེ་བར་བརྩིས་ནས་༢༠༢༢ ལོའི་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་ཆེན་མོ་བཀག་སྡོམ་(boycott) བྱས་པར་“དགའ་བསུ་དང་། བསྔགས་བརྗོད་”ཞུས་པའི་ཐོག རྒྱལ་ཁབ་གཞན་རྣམས་ཀྱིས་ཀྱང་དེ་ལྟར་“བློ་སྤོབས་ལྡན་པའི་ཐག་གཅོད་ཡོང་རེ་བྱེད་ཀྱི་ཡོད་”པའི་འབོད་སྐུལ་ཞུས་འདུག
གསར་འགོད་བསྒྲགས་གཏམ་དེའི་ནང་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འཛམ་གླིང་རྒྱལ་ཁབ་ཁག་གིས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་ཆེན་མོ་གཞུང་འབྲེལ་ཐོག་ནས་བཀག་སྡོམ་བྱས་པ་དེས། “འགྲོ་བ་མིའི་རིན་ཐང་ལས་གལ་ཆེ་བ་ཞིག་མེད་པའི་བརྡ་ལན་གསལ་པོ་སྤྲོད་ཀྱི་ཡོད་”ཅེས་བརྗོད་པའི་ཐོག རྒྱལ་ཁབ་གཞན་རྣམས་ལ་ཡང་“འགྲོ་བ་མིའི་རིན་ཐང་དང་། བཟང་སྤྱོད། བདེན་པ་བཅས་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་གནང་སྟེ། པེ་ཅིང་དགུན་ཁའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཐོག་གཞུང་འབྲེལ་མི་སྣ་མཉམ་ཞུགས་གནང་རྒྱུ་མིན་པའི་ཐག་གཅོད་གནང་སྐྱོང་ཡོང་བའི་འབོད་སྐུལ་”ཞུས་འདུག
གཞན་ཡང་། གསར་འགོད་བསྒྲགས་དེའི་ནང་དུ། “བོད་མིའི་སྒྲིག་འཛུགས་ནི་བོད་མི་ཡོངས་ཀྱི་ཁྲིམས་མཐུན་གྱི་སྐུ་ཚབ་དང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་མིའི་སྒྲིག་འཛུགས་ཀྱི་བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད་ཆབ་སྲིད་ཀྱི་ལངས་ཕྱོགས་ཤིག་ཡིན་”པ་དང་། ཕྱི་ལོ་༢༠༡༠ ནས་བོད་རྒྱའི་འབྲེལ་མོལ་མཚམས་ཆད་པ་ནས་བཟུང་། བོད་མིའི་སྒྲིག་འཛུགས་ནས་འབྲེལ་མོལ་མཐུད་ཐབས་བྱས་ན་ཡང་། རྒྱ་ནག་གིས་“བཟང་ཕྱོགས་ཀྱི་བརྡ་ལན་ཞིག་སྤྲད་མེད་”པའི་གནད་དོན་ཡང་བཀོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།