སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཨ་ཉག་སེང་སྒྲ་ལ་ཕུལ་འདུག 

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱ་ནག་གི་བཙོན་ཁང་ནང་སྐུ་གྲོངས་ནས་ལོ་ངོ་༧ སོང་བའི་ཉིན་མོ་སྟེ། ཟླ་༧ པའི་ཚེས་༡༢ ཉིན་ཨ་རིའི་བྱང་ཁེ་ལི་ཧྥོ་ནི་ཡ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ། བོད་དོན་ཚོགས་པ་༡༨༠ ལྷག་ཡོད་པའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐེངས་༧ པ་འབུལ་བཞེས་ཀྱི་མཛད་སྒོ་འཚོགས་ཡོད་པ་རེད་འདུག 

འདི་ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་དེ། ད་ལྟའི་ཆར་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་བོད་མི་ཁོར་ཡུག་ལས་འགུལ་བ་དང་ལྐོག་ཟ་རུལ་སུངས་ཐེར་འདོན་པ། འབྲོག་མང་གི་འཚོ་གནས་ཐོབ་ཐང་རྩོད་ལེན་པ་ཨ་ཉག་(ཉ་)སེང་སྒྲ་ལ་ཕུལ་ཡོད་པ་རེད་འདུག ཁོང་གི་ཚབ་ཏུ་གཟེངས་རྟགས་དེ་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་གྱིས་བཞེས་གནང་འདུག 

ཕྱི་ལོ་༢༠༡༩ ལོའི་ཟླ་༡༢ པའི་ནང་རྒྱ་ནག་གཞུང་གི་ཁྲིམས་ཁང་ཞིག་གིས་ཁོང་ལ་དཀྲུག་རྐྱེན་བསླངས་བ་དང་སྤྱི་ཚོགས་ཀྱི་སྒྲིག་གཞིར་གཏོར་བཤིག་གཏོང་བའི་འདུ་འཛོམས་བྱས་པ་སོགས་ཀྱི་ཉེས་མིང་འོག ལོ་༧ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་གིས་ཁྲིམས་ཆད་དེར་ངོས་ལེན་མ་བྱས་པར་ཁྲིམས་ཁང་གོང་མར་ཞུ་གཏུག་བྱས་ཀྱང་། ཁྲིམས་ཆད་རང་སོར་བཞག་ཡོད་པ་རེད། 

ཨ་ཉག་སེང་སྒྲ་ནི་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོ་ནས་ཡིན་པ་དང་། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༤ ཉིན་གྱི་ཕྱི་དྲོར་མགོ་ལོག་དགའ་བདེ་རྫོང་ཉེན་རྟོག་ཁང་གིས། ཨ་ཉག་སེང་སྒྲས་སྤྱི་ཚོགས་ནང་དཀྲུག་རྐྱེན་བསླངས་པའི་ཉེས་བ་ཡོད་སྐོར་བརྗོད་ནས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད། དེ་བཞིན་ཕྱི་ལོ་༢༠༡༤ ལོར་ཁོང་ས་གནས་སྲིད་གཞུང་གི་མགོ་ཁྲིད་དུ་འོས་འདེམས་བྱུང་ཡོད་ཀྱང་། རྒྱ་ནག་གཞུང་གིས་སེང་སྒྲས་དེ་སྔ་ཁྲིམས་དང་འགལ་བའི་ལས་ཀ་བྱས་ཡོད་ལུགས་སོགས་བཤད་དེ་ངོས་ལེན་མ་བྱས་པར། ཕྱི་ལོ་༢༠༡༤ ཟླ་ ༡༢ ཚེས་ ༡༤ ཉིན་འཛིན་བཟུང་བྱས་ཏེ། ལོ་གཅིག་དང་ཟླ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ནས་གློད་གྲོལ་བཏང་ཡོད་པ་དང་། ཉིན་དེར་ས་གནས་མང་ཚོགས་ཀྱིས་བསང་གསོལ་བཏང་ནས་ཁོང་ལ་ཕེབས་བསུ་གནང་ཡོད་པ་རེད་འདུག 

དེ་ཡང་ཨ་ཉག་སེང་སྒྲའི་བཟའ་ཟླ་གཡང་སྐྱིད་ཀྱིས། ཁོང་འཛིན་བཟུང་བཀག་ཉར་བྱས་པའི་རྒྱུ་མཚན་ནི། ཁོང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ཞིབ་དཔྱོད་ཁང་དང་པེ་ཅིན་གྲོང་ཁྱེར་གྱི་འབྲེལ་ཡོད་ཁྲིམས་ཁང་ཁག་ལ། ས་གནས་སྲིད་གཞུང་གིས་སྐྱོབ་གསོ་རོགས་དངུལ་ལྐོག་ཟ་གསུག་ལེན་བྱས་ཏེ། འབྲོག་པ་མང་ཚོགས་ཕྱུག་འགྱུར་ལས་ལྡོག་སྟེ་རིམ་ཁག་མགོ་ཁྲིད་ཚོ་ཕྱུག་པོ་ཆགས་པ་དང་། འབྲོག་པ་མང་ཚོགས་ཀྱི་འཚོ་གནས་ལ་ཡར་རྒྱས་ཀྱི་འགྱུར་ལྡོག་གང་ཡང་མེད་པར་སྔར་བཞིན་དབུལ་ཕོངས་དཀའ་སྡུག་གི་གནས་སྟངས་བཅས་ལ་སྐྱོན་བརྗོད་བྱས་ཡོད་པ་དང་། ས་གནས་མགོ་འཁྲིད་ཀྱི་ལྐོག་ཟ་གསུག་ལེན་ཐེར་འདོན་དང་། མི་མང་ ༢༠༠ ལྷག་གི་སྣེ་འཁྲིད་དེ་འབྲེལ་ཡོད་ལས་ཁུངས་ལ་ཞུ་གཏུག་བྱས་པར་བརྟེན། དགའ་བདེ་རྫོང་ཉེན་རྟོག་པས་དཀྲུག་རྐྱེན་བཟོས་པའི་ཉེས་མིང་གཡོགས་ཡོད་སྐོར་འགྲེལ་བརྗོད་གནང་འདུག 

སྤྲུལ་སྐུ་བསྟན་འཛིན་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐེངས་དང་པོ་དེ་ཕྱི་ལོ་༢༠༡༦ ལོའི་་ཟླ་༧ པའི་ཚེས་༡༢ ཉིན་ཏེ་རིན་པོ་ཆེ་རྒྱའི་བཙོན་ཁང་ནང་གྲོངས་ནས་ལོ་ངོ་གཅིག་འཁོར་བ་དང་བསྟུན་ནས། ཆབ་སྲིད་བཙོན་པ་ཡེ་ཤེས་ཆོས་སྒྲོན་ལ་ཕུལ་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།