སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཉེས་མེད་བཙོན་འཇུག་བྱས་རེད།
ཟླ་འདིའི་ཚེས་༧ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ཞབས་ཞུ་ཚོགས་ཆུང་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྒྱ་གཞུང་གིས་ཉེས་མེད་བཙོན་འཇུག་བྱས་ནས་མི་ལོ་ཧྲིལ་པོ་༡༢ འཁོར་བའི་དུས་དྲན་འཚོགས་ཡོད་པ་རེད།
ཟླ་འདིའི་ཚེས་༧ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ཞབས་ཞུ་ཚོགས་ཆུང་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྒྱ་གཞུང་གིས་ཉེས་མེད་བཙོན་འཇུག་བྱས་ནས་མི་ལོ་ཧྲིལ་པོ་༡༢ འཁོར་བའི་དུས་དྲན་འཚོགས་ཡོད་པ་རེད།
དེ་ཡང་ཉིན་བརྒྱ་དུས་གཅིག་ཏུ་རྒྱལ་སྤྱིའི་ཁྱོན་ཡོངས་སུ་དུས་དྲན་དང་འབྲེལ་རིན་པོ་ཆེ་གློད་གྲོལ་ཡོང་ཆེད་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་དང་། ཉིན་འདིའི་ཞོགས་པ་མོན་གྷོ་ནོར་བུ་རི་རྩིར་བོད་སྐྱོང་ལྷ་སྲུང་འཕྲིན་བསྐུལ་དང་བསང་གསོལ་རླུང་རྟ་བསྒྲེངས་འཛུགས་བྱས་ཡོད་པ་རེད།
དུས་དྲན་མཛད་སྒོ་དངོས་སུ་མོན་གྷོ་ས་གནས་མི་མང་ཚོགས་ཁང་ནང་འཚོགས་པ་དང་། སྐུ་མགྲོན་གཙོ་བོ་འབྲས་སྤུངས་ཁྲི་པ་བློ་བཟང་བསྟན་པ་དང་། དམིགས་བསལ་སྐུ་མགྲོན་ཕྱོགས་བཞུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན། ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན། ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་། གྲྭ་ཚང་ཁག་གི་དབུ་ཆོས་རྣམ་པ་བཅས་གཞུང་དང་གཞུང་འབྲེལ་ལས་སྣེ་བ་ཡོངས་དང་། སེར་སྐྱ་མི་མང་ཕོན་ཆེན་མཉམ་ཞུགས་བྱས་ཡོད་པ་རེད།
རིན་པོ་ཆེའི་སློབ་མ་ཡོངས་ཀྱི་སྐུ་ཚབ་དགེ་བཤེས་བསྟན་འཛིན་ཆོས་འཕེལ་གྱིས་དུས་དྲན་ངོ་སྤྲོད་དང་འབྲེལ་བའི་གཏམ་བཤད་གནང་གྲུབ་པ་དང་། ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་གིས་དུས་དྲན་དང་འབྲེལ་བའི་གཏམ་བཤད་གནང་སྐབས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ནི་བོད་བསྟན་སྲིད་མི་རིགས་རིག་གཞུང་དང་བཅས་ཆགས་འཇིག་གི་གནས་སྟངས་ཐོག་ཐུགས་ཁུར་ཆེན་པོ་གནང་མཁན་ཞིག་རེད། དཔེར་ན་ང་ཚོའི་སྐུ་ཚབ་གཟིགས་སྐོར་ཐེངས་དང་པོ་བོད་ནང་ཕེབས་སྐབས། ༧གོང་ས་མཆོག་གི་གཅེན་པོ་སྐུ་ངོ་བློ་བཟང་བསམ་གཏན་གཙོས་སྐུ་ཚབ་རྣམ་པར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གིས་བོད་ནང་༡༩༥༩་ནས་བཟུང་མང་ཚོགས་ལ་རྒྱ་གཞུང་གིས་སྡུག་སྦྱོང་མནར་གཅོད་བཏང་ནས་དཀའ་ངལ་ག་རེ་བྱུང་མིན་སོགས་ཆ་ཚང་སྙིང་སྟོབས་ཆེན་པོའི་ཐོག་སྙན་སེང་ཞུས་པའི་མཚོན། རྗེས་སུ་བོད་ནང་གི་དགོན་སྡེ་ཞིག་གསོ་དང་སློབ་གྲྭ་དང་རྒན་གསོ་ཁང་གསར་རྒྱག་བྱས་པ་སོགས་བོད་མི་རིགས་ལ་ཧ་ལས་པའི་བཀའ་དྲིན་ཆེན་པོ་རེད་ཅེས་སོགས་གསུངས་སོང་།
དེ་ནས་ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན་གྱིས་དུས་དྲན་ཐོག་གཏམ་བཤད་གནང་སྐབས། རིན་པོ་ཆེ་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་འབྲེལ་བའི་ཕྱག་ལས་རྒྱ་ཆེན་གནང་ཡོད་པ་དང་། བོད་མི་ཡོངས་དང་ལྷག་པར་དུ་ན་གཞོན་ཚོར་རྒྱལ་ཞེན་ཡོད་དགོས་སྐོར་གྱི་སློབ་གསོའི་སྐུལ་འདེད་གནང་བ་སོགས་ཀྱི་གནས་བབ་དེ་རྒྱ་གཞུང་གིས་ཁོ་རང་ཚོར་ཉེན་ཁ་ཡོད་པར་དོགས་ནས། རིན་པོ་ཆེར་མ་ཉེས་ཁ་གཡོགས་བྱས་ཏེ་འཛིན་བཟུང་བཙོན་འཇུག་བྱས་པ་དང་། ད་ལྟ་མི་ལོ་༡༢ ཧྲིལ་པོ་འཁོར་གྱི་ཡོད་པ་རེད། ད་ལྟའི་ཆར་རིན་པོ་ཆེའི་སྐུ་གཟུགས་བདེ་མིན་སོགས་ཀྱི་གནས་བབ་ཧ་ཅང་སྐྱོ་བོ་ཆགས་ཀྱི་ཡོད་པ་རེད། ང་ཚོའི་ངོས་ནས་བཙོན་འོག་ནས་གློད་གྲོལ་གཏོང་ཐབས་མ་བྱུང་བ་ཡིན་ན་ཡང་། འགྲོ་བ་མི་ཞིག་ཡིན་པ་དང་། འགྲོ་བ་མིའི་ཐོབ་ཐང་ཡོད་པའི་ཆ་ནས་རིན་པོ་ཆེར་སྨན་བཅོས་ཡོང་ཐབས་ཀྱི་ཞུ་གཏུག་བྱེད་རྒྱུ་དེ་སྐབས་སུ་བབ་པའི་གནད་དོན་གལ་ཆེན་པོ་རེད། དྲ་རྒྱའི་བརྒྱུད་ལམ་སོགས་བེད་སྤྱད་བྱས་ནས་རྒྱལ་སྤྱིའི་ཡོངས་ཁྱབ་ཀྱི་ཞུ་གཏུག་གི་ལས་འགུལ་གང་མང་སྤེལ་དགོས་པ་གལ་ཆེན་པོ་རེད་ཅེས་སོགས་གསུངས་སོང་།
དེ་ནས་དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་རིན་པོ་ཆེའི་མཛད་འཕྲིན་དང་འབྲེལ་བའི་གསུང་བཤད་གནང་དོན། ཁམས་ཤར་ཕྱོགས་ཀྱི་སློབ་དཔོན་གྲགས་ཅན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་རྒྱ་གཞུང་གིས་ཉེས་མེད་བཙོན་འཇུག་བྱས་ནས་མི་ལོ་ཧྲིལ་པོ་༡༢ འཁོར་གྱི་ཡོད་པ་རེད། ལོ་༡༢ ཟེར་བ་དེ་མི་ཞིག་གི་མི་ཚེའི་ཉུང་ཉུང་གཏན་ནས་མ་རེད། ལྷག་པར་དུ་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ཆགས་འཇུག་གི་སྒང་ལ་སླེབ་བསྡད་ཡོད་པའི་སྐབས་སུ་མི་རིགས་དེའི་ཆོས་དང་རིག་གཞུང་སློབ་གསོ་གང་ཅིའི་ཐོག་ནས་འབུར་དུ་ཐོན་པའི་ཕྱག་ལས་གནང་ཐུབ་པའི་རླབས་ཆེན་གྱི་མི་སྣ་ཞིག་གི་མཛད་པའི་ཐོག་ནས་བཤད་པ་ཡིན་ན། ཧ་ཅང་རིན་ཐང་བྲལ་བའི་དུས་ཚོད་ཞིག་ཆགས་བསྡད་ཡོད་པ་རེད་ཅེས་དང་། རྒྱ་གཞུང་གི་བོད་ཐོག་འཛིན་པའི་གཡོ་ཇུས་མཐའ་དག་ལམ་སློང་མི་ཡོང་བའི་བཀག་རྡོ་ལྟ་བུ་དེ་བོད་བརྒྱུད་ནང་བསྟན་འདི་ཆགས་ཡོད་པ་མའོ་ནས་བཟུང་རྒྱ་ནག་གི་དཔོན་རིགས་རིམ་པས་ངོས་འཛིན་བྱེད་ཀྱི་ཡོད་པས། བོད་མི་རིགས་ཀྱི་ཆོས་བྱེད་དབུ་ཁྲིད་ཚོ་གཅིག་གཅིག་གཉིས་གཉིས་བྱས་ནས་རིམ་པས་མེད་པ་རྩ་མེད་བཟོ་རྒྱུའི་ངན་འཆར་སྣ་ཚོགས་ལག་བསྟར་བྱས་ཡོད་པ་རེད་ལ། རྒྱ་གཞུང་གིས་མཆོག་སྤྲུལ་བསྟན་འཛེན་བདེ་ལེགས་མཆོག་ཀྱང་མ་ཉེས་ཁ་གཡོགས་བྱས་ནས་ཚེ་བཙོན་བྱེད་དོན་གཙོ་བོ་བོད་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་ཇུས་ཀྱི་བཀག་རྡོ་ཞིག་ལ་ངོས་འཛོན་བྱས་ནས་གཡོ་ཇུས་དེ་ལག་བསྟར་བྱས་ཡོད་པ་རེད།”ཅེས་གསུངས་སོང་།
ཁོང་གིས་མུ་མཐུད་ནས་གསུང་དོན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་བོད་མི་རིགས་ལ་བཅངས་བའི་བཀའ་སློབ་ཀྱི་སྙིང་དོན་རླབས་ཆེན་ཀྱི་འདུ་ཤེས་གསུམ་ལས། དང་པོ་ཁོང་གིས་ལྷ་སའི་ཇོ་བོ་མཇལ་བའི་སྐབས་སུ་བོད་མི་རིགས་ཀྱི་ཆེད་དུ་ངས་བདེ་བ་སྐད་ཅིག་ཙམ་ཡང་མ་མྱོང་བར་ཤོག་ཅེས་སྨོན་ལམ་བརྒྱབ་ཡོད་ཅེས་དང་། བར་གྱི་འདུ་ཤེས་ང་ཨ་ངག་བཀྲ་ཤིས་བོད་གངས་ཅན་ལ་ས་སྐུ་གཙང་མ་ཞིག་ཡོད་ན་དགའ་མཁན་ཞིག་དང་། མེད་ན་ངུ་ཐུབ་མཁན་ཞིག་ཡིན་ཞེས་དང་། ཁོང་གིས་ཐ་མའི་ཐག་གཅོད། ང་ཨ་ངག་བཀྲིས་ཀྱི་ཁ་སྡོད་མི་ཚུགས་པ་དང་། གུང་ཁྲན་ཏང་གི་ལག་སྡོད་མི་ཚུགས་པས། ང་ཉལ་ས་དྲོན་པོའི་ནང་ནས་ཤི་རྒྱུའི་རེ་བ་བྱེད་ཀྱི་མེད་ཅེས་གསུངས་ཡོད་པ་རེད། ཁོང་གིས་བོད་རྒྱལ་ཁབ་དང་མི་རིགས་ལ་བཅངས་བའི་རླབས་ཆེན་གྱི་སྙིང་སྟོབས་དང་ཐུགས་བསྐྱེད། དེ་བཞིན་ཆོད་སེམས་དེ་འདྲ་ཞིག་གི་ཐོག་ནས་མིན་ནག་བཙོན་ཁང་དུ་བཞུགས་ཡོད་པ་རེད།”ཅེས་སོགས་གསུངས་སོང་།
སྐུ་མགྲོན་གཙོ་བོ་འབྲས་སྤུངས་ཁྲི་པ་བློ་བཟང་བསྟན་པས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་དོན། རྒྱ་གཞུང་གིས་འབར་རྫས་གས་གཏོར་གྱི་ཉེས་མིང་འོག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་འཛིན་བཟུང་བཙོན་འཇུག་བྱས་པ་རེད། ངས་རིན་པོ་ཆེས་དེ་འདྲ་ཞིག་རྩ་བ་ནས་བྱེད་སྲིད་ཀྱི་མ་རེད་དྲན་གྱི་ཡོད། རིན་པོ་ཆེ་རྒྱ་གར་ལ་ཕེབས་ནས་༧གོང་ས་མཆོག་མཇལ་བཅར་ཞུས་ནས། འབྲས་སྤུངས་སྒོ་མང་གྲྭ་ཚང་ནང་སློབ་གཉེར་བྱས། རྗེས་སུ་བོད་དུ་ཕེབས་ནས་བོད་མི་རིགས་དང་རིག་གཞུང་གི་ཐོག་རླབས་ཆེན་གྱི་ཕྱག་ལས་མང་པོ་གནང་ཡོད་པ་རེད། གནས་སྟངས་དེ་ཚོ་རྒྱ་གཞུང་གིས་མིག་ལམ་དུ་མ་སོང་ནས་མ་ཉེས་ཁ་གཡོགས་ཀྱི་བཙོན་འཇུག་བྱས་པ་ཞིག་རེད་འདུག་མ་གཏོགས། ཁོང་༧གོང་ས་མཆོག་གི་བཀའ་དགོངས་འགལ་མེད་ཐོག་ཤར་བསྐྱོད་བྱེད་མཁན་ཞིག་རེད། ༧གོང་ས་མཆོག་གིས་དུས་ནས་དུས་སུ་དབུ་མའི་ལམ་གྱི་ཐབས་ལམ་ཐོག་རྩ་དོན་རྩོད་དགོས་པ་དང་། དེ་ཡང་འཚེ་མེད་ཞི་བའི་ལྟ་གྲུབ་གཞིར་བཟུང་ཐོག་བསྐྱོད་དགོས་སྐོར་སོགས་བཀའ་སློབ་ལམ་སྟོན་གནང་གི་ཡོད་པ་རེད། དེར་བརྟེན་ཁོང་གི་བོད་མི་རིགས་ལ་རླབས་ཆེན་གྱི་ཞབས་ཞུ་བསྒྲུབ་པ་དེ་རྒྱ་གཞུང་གི་མིག་ལམ་དུ་མ་སོང་བ་ཙམ་མ་གཏོགས། རིན་པོ་ཆེར་ནག་ཉེས་གང་ཡང་མེད་པ་གསལ་པོ་རེད་ཅེས་སོགས་གསུངས་སོང་།
དེ་ནས་དགེ་བཤེས་ངག་བློ་བཟང་ལགས་ཀྱིས་ཐུགས་རྗེ་ཆེའི་གསུང་བཤད་གྲུབ་པ་དང་ཉིན་འདིའི་དུས་དྲན་སྲུང་རྩིའི་མཛད་སྒོ་གྲོལ་ཡོད་པ་རེད།
ལྷོ་ཕྱོགས་གསར་འགོད་པས།