སྦི་ཇེ་པི་ཡིས་སྲིད་དོན་ཚོགས་པ་གཞན་དང་ལྷན་དུ་མཉམ་འབྲེལ་གྱི་གཞུང་འཛུགས་ཐུབ་བམ།
རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་ལེགས་གྲུབ་བྱུང་ཟིན་ཡང་། དབུས་གཞུང་ནང་དུ་གཞུང་སྲིད་སྐྱོང་མཁན་ད་ལྟ་ངེས་གཏན་མེད་པ་རེད། རྒྱུ་མཚན་ནི་སྦི་ཇེ་པི་སྲིད་དོན་ཚོགས་པ་ལ་འོས་བསྡུའི་ཁྲོད་གཞུང་སྲིད་སྐྱོང་ཆོག་པའི་རྐུབ་བཀྱག་རག་མེད་པ་དང་། སྦི་ཇེ་པི་དང་རྒྱལ་ཡོངས་མཉམ་འབྲེལ་ལྷན་ཚོགས་མཉམ་དུ་བྱས་ན་གཞུང་སྲིད་སྐྱོང་ཐུབ་ཀྱི་ཡོད་ཀྱང་། སྦི་ཇེ་པི་དང་མཉམ་འབྲེལ་ཡིན་པའི་སྲིད་དོན་ཚོགས་པ་གཞན་དག་གིས་རྒྱབ་སྐྱོར་མེད་ན་གཞུང་སྲིད་སྐྱོང་རྒྱུའི་གོ་སྐབས་མེད་པ་ཡིན་འདུག ཕྱོགས་འགལ་ཀོང་རེ་སིའི་སྲིད་ཚོགས་པ་དང་མཉམ་འབྲེལ་ཡིན་པའི་སྲིད་དོན་ཚོགས་པ་དག་གིས། སྦི་ཇེ་པི་དང་མཉམ་འབྲེལ་ཡིན་པའི་སྦི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Nitish Kumar)ཀོང་རེ་སིའི་སྲིད་དོན་ཚོགས་པའི་ནང་ཚུར་འཛུལ་ན་སྲིད་བློན་གཞོན་པའི་གོ་གནས་སྤྲོད་རྒྱུ་ཡིན་ཚུལ་སོགས་རྗོད་ཀྱི་ཡོད་འདུག
ཕྱི་ཚེས་༥ ཉིན་རྒྱ་གར་(Firstpost)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དེ་རིང་ཕྱི་ཚེས་༦ ཉིན་སྦི་ཇེ་པི་སྲིད་དོན་ཚོགས་པ་དང་སྲིད་དོན་ཚོགས་པ་གཞན་དག་རྣམས་ཚང་འཛོམས་བྱས་ནས་མ་འོངས་པའི་གཞུང་སྲིད་སྐྱོང་ཕྱོགས་ཐད་གྲོས་བསྡུར་བྱེད་འཆར་ཡོད་འདུག་པ་དང་། དེ་བཞིན་སྦི་ཇེ་པི་དང་སྲིད་དོན་ཚོགས་པ་གཞན་དག་སོ་སོའི་མངོན་འདོད་དང་མཐུན་ན། མ་འོངས་པར་སྦི་ཇེ་པི་སྲིད་དོན་ཚོགས་པ་དང་མཉམ་དུ་གཞུང་སྲིད་སྐྱོང་རྒྱུ་གཏན་འཁེལ་གྱི་ཡོད་འདུག དེ་རིང་མང་མོས་ཀྱི་རྒྱབ་སྐྱོར་སུ་ལ་ཐོབ་ན་ཡང་རྒྱ་གར་གྱི་སྲིད་འཛིན་ལག་ནས་མ་འོངས་པར་གཞུང་སྲིད་སྐྱོང་རྒྱུའི་ཆོག་མཆན་ཞུ་དགོས་ཀྱི་ཡོད་འདུག སྦི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Nitish kumar)ནེ་དྷེ་ཤེ་ཀུ་མར་དང་ཨམ་དྷི་པར་དྷེ་ཤེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Chandrababu Naidu) གཉིས་ལྡི་ལི་ལ་ཚོགས་འདུའི་ཆེད་དུ་ཐོན་ཡོད་འདུག འོན་ཀྱང་། སྦི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Nitish kumar)ནེ་དྷེ་ཤེ་ཀུ་མར་ལ་ཕྱོགས་འགལ་སྲིད་དོན་ཚོགས་པ་དག་གིས་ཕྱོགས་འགལ་སྲིད་དོན་ཚོགས་པ་ནང་ཡོང་ན་མ་འོངས་པར་སྲིད་བློན་གཞོན་པའི་གོ་གནས་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་འདུག སྦི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Nitish kumar)ནེ་དྷེ་ཤེ་ཀུ་མར་ལྟ་བུར་མཚོན་ན་འདས་པའི་མི་ལོ་དགུའི་རིང་སྦི་ཧར་ནང་གཞུང་སྲིད་བསྐྱངས་ཡོད་འདུག་པ་དང་། སྐབས་དེ་དུས་རང་གི་མངོན་འདོད་ཆེད་དུ་སྲིད་དོན་ཚོགས་པ་འདྲ་མིན་ནང་འཛུལ་ནས་ཧ་ཅང་གིས་མགོ་བདེ་ཅན་ཞིག་དང་བློ་གཏད་བཅོལ་མི་རུང་བའི་ཆབ་སྲིད་པ་ཞིག་ཡིན་པར་རྗོད་བཞིན་ཡོད་འདུག དེ་བཞིན་ཕྱོགས་འགལ་ཚོགས་པས་(Nitish kumar)ནེ་དྷེ་ཤེ་ཀུ་མར་ལ། རྒྱ་གར་གྱི་སྲིད་འཛིན་ལག་འོག་ནས་སྲིད་དོན་ཚོགས་པའི་འདས་པའི་ལོ་བཅུའི་རིང་གཞུང་སྲིད་སྐྱོང་སྐབས་སྦི་ཧར་མངའ་སྡེ་ལ་ཕན་ཐོགས་གང་ཡོང་བྱུང་མེད་པས། ཕྱོགས་འགལ་སྲིད་དོན་ཚོགས་པའི་ནང་ཡོང་རྒྱུར་ཤུགས་གནོན་རྒྱག་གི་ཡོད་འདུག
དེ་བཞིན་དེ་རིང་བྷི་ཇེ་པི་དང་མཉམ་འབྲེལ་ཡིན་པའི་ཨ་དྷི་པ་དྷེ་ཤེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Chandrababu Naidu )ཅ་དྷེར་བྷ་བྷུ་ནར་ཏུ་སྣེ་ཁྲིད་པའི་(Telugu Desam)སྲིད་དོན་ཚོགས་པས། (Chandrababu Naidu )ཅ་དྷེར་བྷ་བྷུ་ནར་ཏུ་མ་འོངས་པར་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལ་བསྐོ་དགོས་པ་དང་། དེ་བཞིན་ཨ་དྷི་པ་དྷེ་ཤེ་མངའ་སྡེ་ལ་དམིགས་བསལ་གྱིས་ཐོབ་ཐང་སྤྲོད་དགོས་པའི་དགོས་མདུན་འདོན་གྱི་ཡོད་འདུག དམིགས་བསལ་གྱི་ཐོབ་ཐང་རག་ཚེ་མངའ་སྡེ་དེ་ལ་དབུས་གཞུང་ནས་དངུལ་གྱི་རོགས་སྐྱོར་མང་བ་རག་པ་དང་། བཅའ་ཁྲལ་ཉུང་དུ་གཏོང་བ་སོགས་ཀྱི་ཐོབ་ཐང་མང་པོ་ཞིག་རག་གི་ཡོད་འདུག ད་དུང་བློན་ཆེན་བརྒྱད་ཀྱི་གོ་གནས་སྤྲོད་དགོས་པའི་དགོས་མདུན་འདོན་གྱི་ཡོད་འདུག དེ་དག་ནི་འགྲིམ་འགྲུལ་བློན་ཆེན། གྲོང་གསེབ་ཁག་གི་དཔལ་འབྱོར་འཕེལ་རྒྱས་བློན་ཆེན། འཕྲོད་བསྟེན་བློན་ཆེན། ཁང་པ་འཛུགས་སྐྲུན་དང་གྲོང་ཁྱེར་གྱི་གནད་དོན་སྐོར་གྱི་བློན་ཆེན། ཞིང་ལས་བློན་ཆེན། འཕྲུལ་རིགས་དང་བརྡ་འཕྲིན་བློན་ཆེན། དཔལ་འབྱོར་བློན་ཆེན་གཞོན་པ་བཅས་ཀྱི་གོ་གནས་སྤྲོད་དགོས་པའི་དགོས་འདུན་འདོན་གྱི་ཡོད་འདུག་པ་དང་། སྲིད་དོན་ཚོགས་པ་དེ་ལ་རྐུབ་བཀྱག་༡༦ ཡོད་འདུག སྦི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Nitish kumar)ནེ་དྷེ་ཤེ་ཀུ་མར་གྱིས་དབུས་གཞུང་བློན་ཆེན་གྱི་གོ་གནས་གསུམ་དགོས་པའི་དགོས་འདུན་འདོན་གྱི་ཡོད་འདུག དེ་དག་ནི་མེ་འཁོར་བློན་ཆེན་དང་། ཞིང་ལས་ཐོན་རྫས་བློན་ཆེན། བློན་ཆེན་གོ་གནས་གཞན་གཅིག་བཅས་དགོས་པར་བརྗོད་ཡོད་འདུག དེ་བཞིན་སྲིད་དོན་ཚོགས་པ་གཞན་གཉིས་ཡོད་འདུག་པ་དང་། དེ་དག་གིས་ཀྱང་བཟའ་འབྲུའི་བློན་ཆེན་དང་གཞན་བློན་ཆེན་གྱི་གོ་གནས་སྤྲོད་དགོས་པའི་དགོས་འདུན་འདོན་གྱི་ཡོད་འདུག དེ་དག་གཅིག་པོ་ཡིན་མི་འདུག ད་དུང་གཞུང་གི་སྲིད་བྱུས་ཁྲོད་འགྱུར་ལྡོག་རིགས་གཏོང་དགོས་པའི་དགོས་འདུན་འདོན་སྲིད་པའི་ཉེན་ཁ་ཡོད་འདུག གནད་དོན་དེ་དག་ལ་བརྟེན་ནས་ད་ཆར་རྒྱ་གར་སྲིད་དོན་དེ་ཕྱི་ལོ་༡༩༩༠ ནང་གི་སྲིད་དོན་ལྟ་བུ། མཉམ་འབྲེལ་གཞུང་འཛུགས་པ་ལ་སྲིད་དོན་ཚོགས་པ་བྱེ་བྲག་ཞིག་ལ་མང་མོས་ཐོབ་མེད་པར་བརྟེན། མ་འོངས་ལོ་ལྔའི་ནང་ཆབ་སྲིད་བརྟན་པོ་ཞིག་ཡོང་ཐུབ་རྒྱུ་ཁག་པོ་ཡིན་འདུག རྒྱུ་མཚན་ནི་མཉམ་འབྲེལ་གཞུང་ནང་མི་མཐུན་པའི་རིགས་བྱུང་ཚེ་གཞུང་གསར་པ་འཛུགས་དགོས་འབྱུང་བ་དང་། གཞུང་སྲིད་བརྟན་པོ་མེད་པ་སོགས་འབྱུང་གི་ཡོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།