སྨྲ་བརྗོད་རང་དབང་ཡོད། དཀྲོག་གཏམ་རང་དབང་མེད།

རྒྱ་ནག་མི་མང་ཉིན་རེའི་ཚགས་པར་སྟེང་“སྨྲ་བརྗོད་རང་དབང་ཡོད། དཀྲོག་གཏམ་རང་དབང་མེད་”ཅེས་འགོ་བརྗོད་དུ་འཁོད་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པའི་ནང། རྒྱ་ནག་གཞུང་གིས་ཉེ་ཆར་གསར་དུ་བཏོན་པའི་སྐད་འཕྲིན་སྟངས་འཛིན་སྐོར་གྱི་“སྐད་འཕྲིན་གྱི་དོན་ཚན་བཅུ་” ཞེས་པར་རྒྱབ་སྐྱོར་བྱས་ཡོད་ནའང་།

རྒྱ་ནག་མི་མང་ཉིན་རེའི་ཚགས་པར་སྟེང་“སྨྲ་བརྗོད་རང་དབང་ཡོད། དཀྲོག་གཏམ་རང་དབང་མེད་”ཅེས་འགོ་བརྗོད་དུ་འཁོད་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པའི་ནང། རྒྱ་ནག་གཞུང་གིས་ཉེ་ཆར་གསར་དུ་བཏོན་པའི་སྐད་འཕྲིན་སྟངས་འཛིན་སྐོར་གྱི་“སྐད་འཕྲིན་གྱི་དོན་ཚན་བཅུ་” ཞེས་པར་རྒྱབ་སྐྱོར་བྱས་ཡོད་ནའང་། དཔྱད་བརྗོད་པ་མང་པོ་ཞིག་གིས་སྒྲིག་གཞི་གསར་པ་དེས་མི་རྣམས་ཀྱི་ཁ་པར་དང་དྲ་རྒྱའི་སྨྲ་བརྗོད་རང་དབང་ལ་ཚད་བཀག་བཟོས་པ་ཡིན་པའི་སྐྱོན་བརྗོད་བྱས་འདུག

ཕྱི་ཟླ་༨ ཚེས་༧ ཉིན། རྒྱ་ནག་རྒྱལ་ཁབ་མཉམ་འབྲེལ་དྲ་བའི་བརྡ་འཕྲིན་གཞུང་ལས་ཁང་གིས་སྤེལ་བའི་<<མྱུར་འཕྲིན་ལག་ཆ་དང་མང་ཚོགས་བརྡ་འཕྲིན་ཞབས་ཞུ་དར་སྤེལ་གྱི་སྐབས་འཕྲལ་དོ་དམ་གཏན་འབེབས>> ཞེས་པའི་ནང་ཁྱོན་དོན་ཚན་བཅུ་ཡོད་པ་དང་། དེར་མི་རྣམས་ཀྱིས་སྐད་འཕྲིན་གྱི་དོན་ཚན་བཅུ་ཞེས་འབོད་བཞིན་ཡོད། དོན་ཚན་དེ་དག་གི་ནང་བཀོལ་སྤྱོད་མཁན་གྱི་དངོས་མིང་ཐོག་ནས་ཐོ་འགོད་བྱེད་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ལ་བརྩི་བཀུར་ཡོད་པའི་གཏམ་བརྗོད་སྤེལ་བ། རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་སོགས་དོན་ཚན་གཞན་༧ ཡོད་པ་རེད།

ཕྱི་ཟླ་༨ པའི་ཚེས་༡༢ ཉིན་རྒྱ་ནག་མི་མང་ཉིན་རེའི་ཚགས་པར་སྟེང་“སྨྲ་བརྗོད་རང་དབང་ཡོད། དཀྲོག་གཏམ་རང་དབང་མེད་”ཅེས་པའི་དཔྱད་བརྗོད་རྩོམ་ཡིག་ཅིག་སྤེལ་ཡོད་པའི་ནང་། བརྡ་འཕྲིན་གྱི་དུས་རབས་འདིར། དཀྲོག་གཏམ་གྱི་ཤུགས་རྐྱེན་ཉིན་བཞིན་ཇེ་ཆེར་འགྱུར་བཞིན་པ་དང་། དེའི་ཐད་འགན་ཁུར་ཡོད་པའི་སྲིད་གཞུང་སུ་ཞིག་ཡིན་ནའང་ལྟད་མོ་ལྟ་ནས་འདུག་མི་སྲིད། དེའི་ཕྱིར། འཛམ་གླིང་ཐོག་གི་རྒྱལ་ཁབ་གང་ཞིག་ཡིན་ནའང་དཀྲོག་གཏམ་དང་དྲག་སྤྱོད། མགོ་སྐོར། ཆགས་སྲེད། འཇིགས་སྐུལ་སོགས་ཀྱི་གནས་ཚུལ་བརྒྱུད་བསྒྲགས་བྱེད་པར་ཆོག་མཆན་མེད། ང་ཚོའི་དྲ་ལམ་གྱི་བར་སྟོང་དེ་ཚུལ་དང་མི་མཐུན་པའི་ཟ་ཟིང་གི་སྡིངས་ཆ་ཞིག་ཏུ་འགྱུར་མི་རུང་ཅེས་བཀོད་འདུག

འོན་ཀྱང་། ཧྲེ་ཏུང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་པ་སུན་ཝན་ཀང་གིས་ཨེ་ཤི་ཡ་རང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་བརྗོད་དོན། “རྒྱ་ནག་སྲིད་གཞུང་གིས་ཉེ་ཆར་གསར་དུ་སྤེལ་བའི་སྐད་འཕྲིན་དོན་ཚན་བཅུ་དེ། དོན་དངོས་ཐོག་མི་རྣམས་ཀྱི་སྐད་འཕྲིན་ཐོག་གི་སྨྲ་བརྗོད་ལ་ཚད་བཀག་བཟོ་བ་ཞིག་ཡིན་པ་དང་། རྒྱ་ནག་གི་བརྒྱུད་ལམ་ཁག་མང་པོ་ཞིག་གཞུང་གི་སྟངས་འཛིན་འོག་ཡོད་པར་བརྟེན། ད་ལྟ་མི་རྣམས་ཀྱིས་སྐད་འཕྲིན་ཁོ་ནའི་སྟེང་ནས་བཀོད་སྤེལ་དང་ཡང་ན་བརྒྱུད་འགོད་སོགས་བྱེད་ཐུབ་ཀྱི་ཡོད་། ཡིན་ནའང་སྲིད་གཞུང་གིས་ཆབ་སྲིད་ཀྱི་ལྟ་བ་མིི་མཐུན་པའི་བརྒྱུད་ལམ་ཡོངས་རྫོགས་བཀག་སྡོམ་བྱེད་ཐབས་བྱེད་བཞིན་པ་དང་། དཀྲོག་གཏམ་སྔོན་འགོག་ཞེས་པ་ནི་ཁ་གཡར་ས་ཙམ་རེད།”

དེ་བཞིན་མི་མང་ཉིན་རེའི་ཚགས་པར་སྟེང་གི་དཔྱད་བརྗོད་རྩོམ་ཡིག་དེའི་ནང་། ཅི་འདྲ་ཞིག་ལ་དཀྲོག་གཏམ་ཟེར། དེའི་དོན་ནི་དངོས་ཡོད་དང་འཚམས་པའི་གཞི་རྩ་མེད་པར། རྫུན་བཟོ་ཁོ་ན་བྱས་ཏེ་བྱེད་ཐབས་ངེས་ཅན་ཞིག་གི་ཐོག་ནས་བརྒྱུད་བསྒྲགས་བྱེད་པའི་གཏམ་བརྗོད་ལ་གོ དཀྲོག་གཏམ་གྱི་ལོ་རྒྱུས་ཤིན་ཏུ་རིང་པོ་ཡིན་པ་དང་། གསར་འགྱུར་བརྒྱུད་ལམ་གྱི་དུས་རབས་འདིར། དཀྲོག་གཏམ་སྤེལ་བ་དང་བརྒྱུད་བསྒྲགས་བྱེད་པར་“གཤོག་རྩལ”་གསར་པ་ཞིག་རྙེད་དེ། བརྒྱུད་བསྒྲགས་ཀྱི་ནུས་པ་དང་གཏོར་བཤིག་གི་ནུས་པ་ཡང་རིམ་པ་ཁ་ཤས་མཐོ་རུ་སོང་ཡོད། ཉེ་བའི་ལོ་ཤས་རིང་། རྐུ་ཇག་དང་ས་ཆུ་མེ་རླུང་གི་འཇིགས་པ། ས་ཡོམ་སོགས་དཀྲོག་གཏམ་གྱིས་ཁྱབ་མེད་ས་གཅིག་ཀྱང་མེད་པར། རྒྱུན་ཆད་མེད་པར་མི་གཞན་གྱི་ཐོབ་ཐང་དང་མཚན་སྙན་ལ་རྡོག་རྫིས། སྤྱི་ཚོགས་ཀྱི་སྤྱི་དམངས་སྒྲིག་སྲོལ་ལ་གཏོར་བཤིག་གཏོང་བཞིན་ཡོད། དེར་བརྟེན། མི་སུ་འདྲ་ཞིག་གི་ཐོབ་ཐང་ཡིན་ནའང་ངེས་པར་དུ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་དུ་ཡོད་དགོས་པ་ལས། གཏིང་མཐའ་ལས་བརྒལ་ཏེ་མི་གཞན་གྱི་རང་དབང་ལ་བར་ཆད་བཟོ་མི་རུང་”ཞེས་བརྗོད་འདུག

རྒྱ་ནག་གི་རང་དབང་རྩོམ་པ་པོ་ཙེ་ཨེ་ཙུང་གིས་བརྗོད་དོན། སྨྲ་བརྗོད་རང་དབང་གི་ནང་དུ་སྐད་ཆ་ནོར་འཁྲུལ་བཤད་པའི་རང་དབང་ཚུད་ཡོད། སྐད་འཕྲིན་གྱི་དོན་ཚན་བཅུ་ཡིས་མི་རྣམས་ཀྱི་སྐད་ཆ་བཤད་པའི་ཐོབ་ཐང་ལ་ཚད་བཀག་བཟོས་ཡོད། སྨྲ་བརྗོད་རང་དབང་ནི་མི་རྣམས་ཀྱི་རང་རང་གི་བསམ་ཚུལ་བརྗོད་ཆོག་པའི་རང་དབང་ལ་ཟེར། དཀྲོག་གཏམ་དུ་འབོད་པ་ཁ་ཤས་གནས་སྐབས་རིང་ར་སྤྲོད་བྱས་མ་ཐུབ་པ་ཙམ་ལས་བདེན་པ་ཡིན་པའང་ཡོད། རྒྱ་ནག་སྲིད་གཞུང་གིས་གསར་དུ་“སྐད་འཕྲིན་གྱི་དོན་ཚན་བཅུ་”གཏན་འབེབས་བྱས་དགོས་པའི་རྒྱུ་མཚན་གཙོ་བོ་ནི་སྐད་འཕྲིན་བེད་སྤྱོད་གཏོང་མཁན་མང་ནས་མང་དུ་འགྲོ་བཞིན་པའི་རྐྱེན་གྱིས་རེད།

ཙེ་ཨེ་ཙུང་གིས་མུ་མཐུད་དུ་བརྗོད་དོན། སྔོན་ཆད་མི་རྣམས་ཀྱིས་པོད་འཕྲིན་གྱི་ལམ་ནས་བརྡ་འཕྲིན་དང་བསམ་ཚུལ་བཀོད་སྤེལ་བྱས་པའི་མཇུག་འབྲས་སུ། སྲིད་གཞུང་གིས་སྟངས་འཛིན་ནན་མོ་བྱས་པ་དང་། ད་ལྟ་བསྐྱར་དུ་སྐད་འཕྲིན་ལ་སྟངས་འཛིན་བྱེད་འགོ་བཙུགས་ཏེ། སྤྱི་ཚོགས་འབྲེལ་མཐུད་ཀྱི་བརྒྱུད་ལམ་གསར་པ་འདིའང་འཆི་ལམ་དུ་འདེད་རྩིས་རེད།”

ཙེ་ཨེ་ཙུང་གིས་མཐའ་མཇུག་ཏུ། “མི་རྣམས་ཀྱིས་དངོས་ཡོད་གནས་ཚུལ་ཞིག་ལ་དཔྱད་བརྗོད་སྤེལ་སྐབས། གལ་སྲིད་སྐད་ཆ་ནོར་སོང་པ་ཡིན་ནའང་། ཁྲིམས་ཀྱིས་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས། སྐད་ཆ་བཤད་ནོར་བ་དང་དཀྲོག་གཏམ་གཉིས་ལ་གནམ་སའི་ཁྱད་པར་ཡོད། ཡིན་ནའང་སྐད་འཕྲིན་གྱི་དོན་ཚན་བཅུའི་ནང་དུ་གཉིས་ཀ་མཉམ་དུ་བསྲེས་ནས་གླེང་འདུག་པས། དེ་ནི་མི་མང་གི་སྨྲ་བརྗོད་རང་དབང་ཐོབ་ཐང་ལ་ཚབས་ཆེའི་རྡོག་རྫིས་ཤིག་རེད”བརྗོད་འདུག།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།