བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་དེབ་གཉིས་དབུ་འབྱེད་གནང་སོང་།
ཟླ་༩ པའི་ཚེས་༢༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་༢༠༢༠ ལོའི་བོད་གནས་བསྐྱར་ཞིབ་དང་། བོད་ཀྱི་ཁོར་ཡུག་ཐོག་བོད་མི་ཚོའི་ལྟ་ཕྱོགས་ཞེས་པའི་དེབ་གཉིས་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་སོང་བ་དང་། སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ཕེབས་སོང་།
ཟླ་༩ པའི་ཚེས་༢༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་༢༠༢༠ ལོའི་བོད་གནས་བསྐྱར་ཞིབ་དང་། བོད་ཀྱི་ཁོར་ཡུག་ཐོག་བོད་མི་ཚོའི་ལྟ་ཕྱོགས་ཞེས་པའི་དེབ་གཉིས་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་སོང་བ་དང་། སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ཕེབས་སོང་།
བོད་ཀྱི་ཁོར་ཡུག་ཐོག་བོད་མི་ཚོའི་ལྟ་ཕྱོགས་ཞེས་པའི་དཔེ་དེབ་དང་འབྲེལ་ནས། སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་གྱིས་ངོ་སྤྲོད་གནང་དོན་ལ། ཕྱི་ལོ་༢༠༡༨ ལོར་སྲིད་བྱུས་ཉམས་ཞིབ་ཁང་གིས་༧གོང་ས་མཆོག་ནས་ཁོར་ཡུག་ཐོག་ལ་གནང་བའི་བཀའ་སློབ་ཕྱོགས་སྒྲིག་བྱས་ཡོད་པ་དང་། སྐབས་དེར་སྲིད་བྱུས་ཉམས་ཞིབ་ཁང་གིས་བོད་ཀྱི་ཁོར་ཡུག་ཐོག་བྲིས་པའི་དཔྱད་རྩོམ་རྣམས་ཕྱོགས་སྒྲིག་བྱེད་ཐུབ་ན་ཐུགས་ཕན་སོས་རྒྱུ་ཡིན་པ་དྲན་ནས། ཕྱི་ལོ་༢༠༡༩ ལོ་ནས་དཔྱད་རྩོམ་ཕྱོགས་སྒྲིག་དང་ཞུ་དག དེ་འབྲེལ་ཁུངས་བཙལ་ནས་འོག་ཏུ་མཆན་བརྒྱབ་པ་སོགས་བྱས་ཏེ་དེབ་འདི་པར་སྐྲུན་བྱས་པ་ཡིན་འདུག ལས་དོན་འདིའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་ཁོར་ཡུག་ཐོག་ལ་རྒྱལ་སྤྱི་དང་རྒྱ་ནག་གི་ཤུགས་རྐྱེན་གནོན་ཤུགས་མེད་པའི་ཐོག་ནས། བོད་མི་ཚོའི་ལྟ་ཕྱོགས་ཁོ་ན་གསལ་པོ་ཡོད་པའི་དེབ་གཅིག་པར་སྐྲུན་བྱེད་ཆེད་དང་། དཔྱད་རྩོམ་རྣམས་ཀྱང་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་ལྗིད་པོ་འཁུར་ནས་བྲིས་པ་ཤ་སྟག་ཡིན་པ་གསལ་སྟོན་བྱེད་ཆེད། དེ་བཞིན་དཔྱད་རྩོམ་ནང་དུ་བོད་ནང་གི་བོད་མི་ཚོའི་ཁོར་ཡུག་ཐོག་ལ་བསམ་བློ་དང་། ཁོར་ཡུག་འགྱུར་ལྡོག་ལ་གདོང་ལེན་བྱེད་སྟངས་སོགས་གསལ་པོ་མངོན་ཐུབ་ཆེད་ཡིན་སྐོར་གསུངས་སོང་།
དེབ་འདིའི་ནང་ཕྱི་ལོ་༢༠༡༠ ནས་༢༠༢༠ བར་གྱི་དཔྱད་རྩོམ་ཡོད་པ་དང་། ནང་དོན་དུ་བོད་ཀྱི་ཁོར་ཡུག་གི་གལ་གནད། གཏན་འཇགས་ཀྱི་འཁྱག་རོམ་བཞུར་བ། གངས་རི་བཞུར་བ། ཁོར་ཡུག་འགྱུར་ལྡོག་གི་ཤུགས་རྐྱེན། རྩ་ཐང་བྱེ་ཐང་དུ་འགྱུར་བ། འབྲོག་པ་གནས་སྤོས་བཏང་བ་སོགས་མང་པོ་ཞིག་ཡོད་འདུག
དེ་བཞིན་ཁོང་གིས་དེབ་འདི་པར་སྐྲུན་བྱས་ནས་རེ་བ་གང་བྱེད་ཀྱི་ཡོད་མེད་སྐོར་འགྲེལ་བརྗོད་གནད་དོན་ལ། མ་འོངས་པར་བོད་ཀྱི་ཁོར་ཡུག་དང་འབྲེལ་ནས་ཉམས་ཞིབ་པས་ཉམས་ཞིབ་བྱེད་པ་དང་། སྲིད་བྱུས་གཏན་འབེབས་བྱེད་མཁན་ཚོས་སྲིད་བྱུས་གཏན་འབེབས་བྱེད་པ། ཁོར་ཡུག་ལས་འགུལ་བ་ཚོས་ལས་འགུལ་སྤེལ་བ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་ཁོར་ཡུག་གནད་དོན་ཐོག་ལས་དོན་སྤེལ་བ་བཅས་ཀྱི་སྐབས་སུ་དེབ་འདི་གཞི་བཅོལ་ཡུལ་ཚད་ལྡན་ཞིག་ཆགས་པའི་རེ་བ་བྱེད་ཀྱི་ཡོད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་དེ་ཟླ་བ་གཅིག་གི་རྗེས་སུ་ཡུ་རོབ་སཱེ་ཁོཌ་ལན་ཌ་ལ་འཚོག་རྒྱུ་ཡིན་པས། དེ་དང་བསྟུན་ནས་དེབ་འདི་བརྒྱུད་ནས་སྐབས་དེར་བཅར་རྒྱུ་ཡིན་པའི་རྒྱལ་སྤྱིའི་འགོ་ཁྲིད་ཁག་ལ་བོད་ཀྱི་ཁོར་ཡུག་འདིའི་གལ་གནད་དང་ཛ་དྲག་གི་གནས་སྟངས་སྐོར་དོ་སྣང་དང་གླེང་སློང་ཡོང་བའི་འབོད་སྐུལ་བྱེད་ཀྱི་ཡོད་སྐོར་ཡང་གསུངས་སོང་།
སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རྒན་པ་བསྟན་འཛིན་བདེ་གསལ་གྱིས་༢༠༢༠ ལོའི་བོད་གནས་བསྐྱར་ཞིབ་ཀྱི་དེབ་དང་འབྲེལ་ནས་གསུངས་དོན་ལ། ཕྱི་ལོ་༢༠༢༠ ལོར་རྒྱལ་སྤྱིའི་ནང་ཏོག་དབྱིབས་གནས་སྟངས་ཀྱི་ཛ་དྲག་གནས་སྟངས་འགྲོ་བཞིན་ཡོད་པ་རེད་དེ། བོད་ནང་དུ་མཁྲེགས་འཛིན་གྱི་སྲིད་བྱུས་གལ་ཆེན་ཁག་ཅིག་ལ་འཕོ་འགྱུར་ཕྱིན་ཡོད་པས། གནད་དོན་དེ་དག་གི་ཐོག་ལ་དཔྱད་རྩོམ་བྲིས་ཡོད་པ་རེད། དེབ་ནང་དུ་ལོ་ལྔ་ཅན་གྱི་འཆར་གཞི། མི་རིགས་མཐུན་སྒྲིལ། བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ། ཧིན་བོད་ས་མཚམས་ཀྱི་རྩོད་རྙོག་སོགས་བརྗོད་གཞི་མང་པོ་ཞིག་གི་ཐོག་ལ་དཔྱད་པ་བྱས་ཡོད་སྐོར་གསུངས་སོང་།
སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་དེབ་གཉིས་དབུ་འབྱེད་གནང་རྗེས་གསུང་དོན་ལ། བོད་ཀྱི་ཁོར་ཡུག་ཐོག་བོད་པའི་ལྟ་ཕྱོགས་ཀྱི་དེབ་འདིས། རྒྱལ་སྤྱིའི་ནང་བོད་ཀྱི་ཁོར་ཡུག་ཐོག་བོད་མིའི་ལྟ་ཕྱོགས་བདེན་པ་དང་གསལ་པོ་མངོན་ཐུབ་རྒྱུར་ཐུགས་ཕན་སོས་རྒྱུ་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་ཐོག་འགྲེལ་བརྗོད་བྱེད་བསྡད་པ་དེ་ཚོ་འདང་ངེས་ཤིག་མེད་པ། དེ་སྔོན་ཨ་རིའི་ཁོར་ཡུག་ཐོག་གི་སྲིད་འཛིན་གྱི་དམིགས་བསལ་སྐུ་ཚབ་ཇཱོན་ཀེ་རཱི་ལ། བོད་དེ་འཛམ་གླིང་གི་སྣེ་གསུམ་པ་ཡིན་པའི་གལ་གནད་ཐོག་གསུང་བཤད་གནང་བའི་རེ་སྐུལ་གྱི་ལན་ཕུལ་ཡོད་པ། དེབ་འདི་ཉམས་ཞིབ་པ་དང་ལས་འགུལ་བ་གཅིག་པུའི་ཆེད་དུ་མིན་པར། བོད་མི་ཚོས་ཀྱང་བལྟ་ཀློག་བྱེད་རྒྱུ་གལ་ཆེན་ཡིན་པ། དེ་བཞིན་བོད་གནས་བསྐྱར་ཞིབ་ཀྱི་དེབ་འདིས་རྒྱ་ནག་གཞུང་གི་སྲིད་བྱུས་གསལ་སྟོན་བྱེད་ཆེད་དུ་ལོ་ལྟར་འདོན་སྤེལ་བྱེད་རྒྱུ་གལ་ཆེན་ཡིན་པ། ཉམས་ཞིབ་པ་ཚོས་བོད་ཀྱི་དགོས་མཁོ་དང་མཐུན་པར་ཞིབ་འཇུག་དགོས་པ་དང་། ད་ལྟའི་བཀའ་ཤག་གི་ལངས་ཕྱོགས་དང་བསྟུན་ནས་བོད་ནང་གི་གནས་སྟངས་ཐོག་ཞིབ་འཇུག་ཤུགས་ཆེན་བྱེད་དགོས་སྐོར་གསུངས་སོང་། །
གསར་འགོད་པ་སྐལ་བཟང་དོན་གྲུབ།