སྲིད་ཟུར་བློ་བཟང་སེང་གེས་རྒྱ་དཀར་ནག་གི་ས་མཚམས་མ་རེད་འཕགས་བོད་ཀྱི་ས་མཚམས་རེད་ཅེས་བརྗོད་འདུག

ཟླ་འདིའི་ཚེས་༡༤ དགོང་མོ་(India Today) ཞེས་པའི་བརྙན་འཕྲིན་ཁང་གིས་སྲིད་ཟུར་འབུམ་རམས་པ་བློ་བཟང་སེང་གེ་ལ་འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དམག་མི་བར་གདོང་ཐུག་བྱུང་བའི་གནས་ཚུལ་དང་འབྲེལ་བའི་ཐོག་བཅར་འདྲི་ཞིག་བྱས་ཡོད་པ་དང་། སྐབས་དེ་སྲིད་ཟུར་འབུམ་རམས་པ་བློ་བཟང་སེང་གེས་སིམ་ལ་ཆིངས་ཡིག་གི་གལ་གནད་དང་ལོ་རྒྱུས་ཐོག་རྒྱ་དཀར་ནག་གཉིས་ཀྱིས་ས་མཚམས་ཤིག་མཉམ་སྤྱོད་བྱས་མྱོང་མེད་ཅེས་བརྗོད་འདུག

སྲིད་ཟུར་བློ་བཟང་སེང་གེས་རྟ་དབང་ནི་ནང་པའི་དགོན་པ་ཆེ་ཤོས་གཉིས་པ་ཡོད་ས་དང་། རྒྱལ་བ་སྐུ་ཕྲེང་དྲུག་པའི་འཁྲུངས་ཡུལ་ཡིན་པས། ས་ཁུལ་དེ་ལ་ཡོད་པའི་ས་མཚམས་ནི་འཕགས་བོད་གཉིས་ཀྱི་ས་མཚམས་ལས་རྒྱ་དཀར་ནག་གཉིས་ཀྱིས་ད་བར་ས་མཚམས་ཤིག་མཉམ་སྤྱོད་བྱས་མྱོང་མེད་ཅེས་བརྗོད་འདུག

དེ་བཞིན་རྟ་དབང་གི་ཕར་ཕྱོགས་སུ་རྒྱ་ནག་གི་དམག་གི་གྲོང་སྡེ་དང་གནམ་ཐང་སོགས་འཛུགས་སྐྲུན་བྱས་ཡོད་པ་དང་། གནམ་ཐང་དེའི་ཐོག་ལ་ལོ་ལྟར་མི་འབོར་ས་ཡ་ཕྱེད་ཀ་ལྷག་བབས་ཀྱི་ཡོད་པ་མ་ཟད། བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་ནག་གི་དམག་ཁུལ་ཆེ་ཤོས་བཞི་པ་ཡོད་སའི་ཁྲིན་ཏུའུ་བར་མེ་འཁོར་ཆུ་ཚོད་༡༣ མ་གཏོགས་འགོར་གྱི་མེད་པ་དང་། ལྷ་ས་ནས་ཀོང་པོའི་བར་དུ་མེ་འཁོར་གྱི་ལམ་བཟོས་ཡོད་པའི་ཐོག  ཀོང་པོ་ནས་རྟ་དབང་བར་སྤྱི་ལེ་༡༥ ལས་མེད་པས། གལ་སྲིད་རྒྱ་དཀར་ནག་བར་དམག་འཁྲུག་བྱུང་ཚེ། འཛུགས་སྐྲུན་དང་མཚོན་ཆ་མཁོ་སྒྲུབ་ཀྱི་བརྒྱུད་ལམ་སོགས་ཕྱོགས་གང་ལ་བལྟས་ཀྱང་། རྒྱ་གར་ལས་རྒྱ་ནག་གིས་གྲ་སྒྲིག་ཡག་པ་བྱས་ཡོད་རབས་བརྗོད་འདུག

དེ་བཞིན་ཕྱི་ལོ་༡༩༡༤ ལོར་བོད་ཀྱི་བློན་ཆེན་བཤད་སྒྲ་སོགས་སིམ་ལར་ཕྱིན་ནས་རྒྱ་གར་དབྱིན་ཇི་གཞུང་དང་གྲོས་མོལ་གྱིས་ཕྱོགས་གཉིས་ཀྱི་ས་མཚམས་གཏན་འབེབས་བྱས་ཡོད་པ་དང་། སྐབས་དེ་རྟ་དབང་ནི་རྒྱ་གར་དབྱིན་ཇི་གཞུང་གི་ས་ཆ་ཞིག་ལ་ངོས་འཛིན་དང་ཁས་ལེན་བྱས་ཡོད་པས། རྒྱ་གར་གཞུང་གིས་ཆིངས་ཡིག་དེ་གཞུང་འབྲེལ་གྱིས་ཁས་ལེན་མ་བྱས་བར་རྒྱ་ནག་གིས་མུ་མཐུད་ནས་རྟ་དབང་ནི་བོད་ཀྱི་ལྷོ་ཕྱོགས་ས་ཆ་ཞིག་རེད་ཅེས་བརྗོད་ཀྱི་རེད་ཅེས་གསུངས་འདུག

ཟླ་འདིའི་ཚེས་༩ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ནང་ཡོད་པའི་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མི་བར་གདོང་ཐུག་བྱུང་ནས་ཕྱོགས་གཉིས་ཀའི་དམག་མི་ལ་རྨས་སྐྱོན་ཕོག་ཡོད་པ་དང་། ཕྱི་ལོ་༢༠༢༠ ཟླ་བ་༦ པའི་ནང་ལ་དྭགས་ཕྱོགས་ཀྱི་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མི་བར་དྲག་པོའི་གདོང་ཐུག་བྱུང་ནས་རྒྱ་ནག་གི་དམག་མི་༤༣ དང་རྒྱ་གར་གྱི་དམག་མི་༢༠ ཡི་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་ཐོན་ཡོད། དུས་དེ་ནས་བཟུང་ཕྱོགས་གཉིས་ཀྱི་ས་མཚམས་དམག་མི་བར་གདོང་ཐུག་བྱུང་བ་ཐོག་མ་དེ་ཆགས་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།