སྲིད་འཛིན་ཊོམ་ལ་ཉེས་འཛུགས་ཀྱི་ལས་དོན་འགོ་བཙུགས་ཡོད་འདུག
ཨ་རིའི་སྲིད་འཛིན་ཊོམ་གྱིས་སྲིད་འཛིན་གྱི་ལས་ཁུར་དམ་བཅའ་དང་བརྒལ་ནས། ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ཡོད་ཚུལ་གྱི་གནས་ཚུལ་མང་པོ་ཞིག་ཐོན་ནས་ཞིབ་འཇུག་བྱས་ཡོད་ཀྱང་། ད་བར་ཁོང་ལ་གཞུང་འབྲེལ་ཐོག་ནས་ཉེས་འཛུགས་བྱེད་ཆེད་དུ་གྲོས་ཚོགས་ནས་ལས་དོན་སྤེལ་བ་བྱུང་མེད་ཀྱང། ཉེ་ཆར་གྲོས་ཚོགས་འོག་མའི་ནང་སྲིད་འཛིན་ཊོམ་གྱིས་ཁྲིམས་འགལ་བྱ་སྤྱོད་ལ་འཇུག་གི་ཡོད་པའི་ཉེས་འཛུགས་ཆེད་གཞུང་འབྲེལ་རྟོག་ཞིབ་ལས་དོན་འགོ་བཙུགས་བྱས་ཡོད་པ་དང་། ལས་དོན་དེ་གྲུབ་འབྲས་ཐོན་ཚེ་ཊོམ་གནས་དབྱུང་གཏོང་ཆེད་དུ་གྲོས་ཚོགས་གོང་མའི་ནང་ཁྲིམས་ཞིབ་བྱེད་ཉེན་ཡོད་འདུག
ཨ་རིའི་སྲིད་འཛིན་ཊོམ་གྱིས་སྲིད་འཛིན་གྱི་ལས་ཁུར་དམ་བཅའ་དང་བརྒལ་ནས། ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ཡོད་ཚུལ་གྱི་གནས་ཚུལ་མང་པོ་ཞིག་ཐོན་ནས་ཞིབ་འཇུག་བྱས་ཡོད་ཀྱང་། ད་བར་ཁོང་ལ་གཞུང་འབྲེལ་ཐོག་ནས་ཉེས་འཛུགས་བྱེད་ཆེད་དུ་གྲོས་ཚོགས་ནས་ལས་དོན་སྤེལ་བ་བྱུང་མེད་ཀྱང། ཉེ་ཆར་གྲོས་ཚོགས་འོག་མའི་ནང་སྲིད་འཛིན་ཊོམ་གྱིས་ཁྲིམས་འགལ་བྱ་སྤྱོད་ལ་འཇུག་གི་ཡོད་པའི་ཉེས་འཛུགས་ཆེད་གཞུང་འབྲེལ་རྟོག་ཞིབ་ལས་དོན་འགོ་བཙུགས་བྱས་ཡོད་པ་དང་། ལས་དོན་དེ་གྲུབ་འབྲས་ཐོན་ཚེ་ཊོམ་གནས་དབྱུང་གཏོང་ཆེད་དུ་གྲོས་ཚོགས་གོང་མའི་ནང་ཁྲིམས་ཞིབ་བྱེད་ཉེན་ཡོད་འདུག
ཟླ་༩ པའི་ཚེས་༢༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་བའི་ཆར་ཨ་རིའི་སྲིད་འཛིན་ཊོམ་གྱིས་ཟླ་༧ པའི་ནང་། ཕྱི་ལོ་༢༠༢༠ ལོའི་ཨ་རིའི་སྲིད་འཛིན་འོས་བསྡུར་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མའི་འགྲན་ཞུགས་པ་དང་དེ་སྔོན་སྲིད་འཛིན་གཞོན་པ་ཟུར་པ་ཇཱོ་བྷེ་ཌན་ནག་པོ་བཟོ་ཆེད་དུ། ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཡུག་ཁེ་རན་གྱི་སྲིད་འཛིན་ལ་ཁ་པར་བརྒྱུད། ཇཱོ་བྷེ་ཌན་དང་ཁོང་གི་བུ་དང་འབྲེལ་བའི་རྒྱལ་ཁབ་དེའི་ནང་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་འོག་རྟོག་ཞིབ་ལས་དོན་ཞིག་འགོ་འཛུགས་བྱེད་དགོས་པའི་གནོན་ཤུགས་སྤྲད་ཡོད་པ་དང་། སྐད་ཆ་དེ་མ་བཤད་པའི་སྔོན་ནས་ཡུག་ཁེ་རན་རྒྱལ་ཁབ་ལ་ཨ་རིའི་གྲོས་ཚོགས་ནང་རྒྱབ་སྐྱོར་བྱས་པའི་རོགས་དངུལ་གཏོང་རྒྱུ་གནས་སྐབས་བཀག་ཡོད་འདུག བྱེད་སྟངས་དེས་སྲིད་འཛིན་ཊོམ་གྱིས་རང་གི་ཆབ་སྲིད་ཀྱི་ཁ་གཏད་གཅིག་ནག་པོ་བཟོ་ཆེད་དུ། ཕྱིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་གཅིག་ལ་གནོན་ཤུགས་སྤྲད་ཡོད་པའི་གནས་ཚུལ་ཕྱིར་ཐོན་ནས། གནས་ཚུལ་ཆེན་པོ་ཆགས་འདུག་པས། མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མིའི་ཁྲོད་དུ་སྲིད་འཛིན་ལ་གཞུང་འབྲེལ་ཐོག་ནས་ཉེས་འཛུགས་བྱེད་པར་རྒྱབ་སྐྱོར་བྱེད་མཁན་ཡང་མང་དུ་སོང་བ་ལྟར། ཟླ་༩ པའི་ཚེས་༢༤ ཉིན་ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་དང་ཚོགས་གཙོ་ལྕམ་ནན་སི་པཱི་ལོ་སི་ཡིས། སྲིད་འཛིན་ཊོམ་ལ་ཉེས་འཛུགས་ཆེད་དུ་གཞུང་འབྲེལ་རྟོག་ཞིབ་འགོ་བཙུགས་རྒྱུའི་གསལ་བསྒྲགས་བྱས་འདུག གལ་ཏེ་གྲོས་ཚོགས་འོག་མའི་ནང་སྲིད་འཛིན་ཊོམ་ལ་ཉེས་འཛུགས་ཆེད་འོས་བསྡུ་བྱས་ཚེ། ཨ་རིའི་ལོ་རྒྱུས་ནང་ཊོམ་ཉེས་འཛུགས་བྱས་པའི་སྲིད་འཛིན་བཞི་པ་དེ་ཆགས་རྒྱུ་ཡིན་འདུག
ལྕམ་ནན་སི་པཱི་ལོ་སི་ཡིས་གསར་འགོད་གསལ་བསྒྲགས་ཐོག་ཏུ། སྲིད་འཛིན་ཊོམ་གྱི་བྱ་སྤྱོད་ཀྱིས་རྩ་ཁྲིམས་རྩིས་མེད་བཏང་ཡོད་པས། འགན་ཁུར་བྱེད་དགོས་པ་དང་སུ་གང་ཁྲིམས་ཀྱི་སྒང་ལ་མེད་པ། དེ་བཞིན་ཊོམ་གྱི་བྱ་སྤྱོད་ཀྱིས་སྲིད་འཛིན་ལས་ཁུར་གྱི་དམ་བཅའ་དང་། རྒྱལ་ཁབ་ཀྱི་བདེ་སྲུང་། ཨ་རིའི་འོས་བསྡུའི་དྲང་བདེན་གྱི་རང་བཞིན་བཅས་དང་འགལ་ཡོད་སྐོར་བརྗོད་འདུག དེ་ཡང་ཨ་རིའི་རྩ་ཁྲིམས་ནང་རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་བྱ་སྤྱོད་ལ་ཉེས་འཛུགས་བྱེད་པའི་དབང་ཚད་དེ་གྲོས་ཚོགས་འོག་མར་ཡོད་འདུག་པ་དང་། གལ་ཏེ་གྲོས་ཚོགས་འོག་མའི་ནང་འོས་ཤོག་ལས་རིམ་སོང་ཏེ་མཐའ་མའི་ཐག་གཅོད་དུ་སྲིད་འཛིན་གྱིས་རྩ་ཁྲིམས་དང་འགལ་བའི་བྱ་སྤྱོད་བྱས་ཡོད་པར་མང་མོས་རྒྱབ་སྐྱོར་ཐོབ་ཚེ། གྲོས་ཚོགས་གོང་མའི་ནང་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཡོད་པའི་ཐོག་ནས། གནད་དོན་དེའི་ཐོག་ཉན་ཞིབ་བྱེད་དགོས་ཀྱི་ཡོད་པ་དང་། མཐའ་མར་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ཀྱི་འོས་ཤོག་འཕངས་ཏེ་གསུམ་ཆ་གཉིས་ཀྱིས་སྲིད་འཛིན་གྱིས་ནག་ཉེས་བྱས་པར་རྒྱབ་སྐྱོར་བྱས་ཚེ། སྲིད་འཛིན་དེ་རང་བཞིན་གྱིས་གནས་དབྱུང་གཏོང་དགོས་ཀྱི་ཡོད་འདུག ད་ལྟའི་ཆར་གྲོས་ཚོགས་འོག་མའི་ནང་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་མང་ཆེ་བ་ཡོད་པས། སྲིད་འཛིན་ཊོམ་ལ་ཉེས་འཛུགས་བྱེད་རྒྱུར་རྒྱལ་ཁ་ཐོབ་ངེས་ཀྱང་། གྲོས་ཚོགས་གོང་མའི་ནང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་མང་བ་ཡོད་པས། ཉན་ཞིབ་གང་འདྲ་འགྲོ་མིན་ལ་མ་ལྟོས་པར། སྤྱི་མཐུན་ཚོགས་པའི་ཆེ་མཐོང་སྲུང་སྐྱོབ་དང་༢༠༢༠ ལོའི་འོས་བསྡུའི་ཁེ་ཕན་ཆེད་དུ། སྲིད་འཛིན་ཊོམ་གནས་དབྱུང་གཏོང་བར་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་ཐོབ་རྒྱུ་ཁག་པོ་ཡིན་འདུག ད་བར་ཨ་རིའི་སྲིད་འཛིན་གཉིས་ལ་གྲོས་ཚོགས་འོག་མ་ནས་ཉེས་འཛུགས་བྱས་ཡོད་ཀྱང་། གྲོས་ཚོགས་གོང་མ་ནས་ཉེས་སེལ་བྱས་ཡོད་པ་དང་། སྲིད་འཛིན་གཅིག་གྲོས་ཚོགས་འོག་མའི་ནང་ཉེས་འཛུགས་ཆེད་དུ་འོས་ཤོག་ལས་རིམ་འགྲོ་བའི་སྔོན་ཚུད་ནས་རྩ་དགོངས་ཞུས་ཡོད་འདུག
ད་ལྟའི་ཆར་གྲོས་ཚོགས་འོག་མའི་འཐུས་མི་༢༠༤ ཡིས་ཡོངས་གྲགས་ཐོག སྲིད་འཛིན་ཊོམ་ལ་ཉེས་འཛུགས་ཆེད་དུ་རྟོག་ཞིབ་བྱེད་པར་རྒྱབ་སྐྱོར་བྱས་འདུག་པ་དང་། གྲོས་ཚགས་འཐུས་མི་མང་པོ་ཞིག་གིས་དེའི་ཐོག་ཐག་གཅོད་བྱས་མེད་པ་དང་གནས་ཚུལ་གསལ་པོ་ཆགས་དུས་ཐག་གཅོད་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག དེ་ཡང་མང་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ཁག་ཅིག སྲིད་འཛིན་ཊོམ་ལ་འོས་བསྡུར་རྒྱལ་ཁ་ཐོབ་ཡུལ་གྱི་མངའ་སྡེ་ཁག་གི་ས་གནས་ཡིན་འདུག་པས། ཉེས་འཛུགས་ཀྱི་ལས་དོན་དེ་ལམ་ལྷོངས་མ་སོང་བ་དང་མི་མང་ནང་རྒྱབ་སྐྱོར་ཆེན་པོ་མ་ཐོབ་ཚེ། ཁོ་ཚོར་ཊོམ་གྱི་རྒྱབ་སྐྱོར་བ་ཚོས་སྐབས་རྗེས་མའི་འོས་བསྡུའི་ནང་དཀའ་ཁག་བཟོ་སྲིད་པའི་ཉེན་ཁ་ཡང་ཡོད་འདུག
སྲིད་འཛིན་ཊོམ་དང་འབྲེལ་ཡོད་མི་སྣ་ཚོས་ཐོག་མར་ཁོང་དང་ཡུག་ཁེ་རན་གྱི་སྲིད་འཛིན་བར་སྐད་ཆ་དེ་རིགས་བྱུང་མེད་སྐོར་བརྗོད་ཡོད་ཀྱང་། རྗེས་སུ་ཊོམ་གྱིས་སྐད་ཆ་བྱུང་ཡོད་ཀྱང་ཁྲིམས་འགལ་གྱི་སྐད་ཆ་གང་ཡང་བྱས་མེད་སྐོར་བརྗོད་འདུག ཊོམ་དང་ཡུག་ཁེ་རན་སྲིད་འཛིན་བར་གྱི་སྐད་ཆ་དེ་ཨ་རིའི་གསང་བའི་ལས་ཁུངས་ཀྱི་ལས་བྱེད་གཅིག་གིས། གསང་བའི་ལས་ཁུངས་ཀྱི་ཉེན་རྟོག་དཔོན་ལ་ཞུ་གཏུག་བྱས་ཡོད་པ་དང་། མང་གཙོ་ཚོགས་པས་ཞུ་གཏུག་གི་ཡིག་ཆ་དེ་གྲོས་ཚོགས་ལ་མཁོ་སྤྲོད་བྱེད་དགོས་པའི་དགོས་འདུན་བཏོན་བཞིན་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།