སྲིད་འཛིན་བྷ་ཌན་གྱིས་གལ་སྲིད་རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱས་ན། ཨ་རིས་ཐའེ་ཝན་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་གསུངས་འདུག
ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་གལ་སྲིད་རྒྱ་ནག་གིས་ཐའེ་ཝན་ལ་དྲག་རྒོལ་བྱས་པ་ཡིན་ན། ཨ་རི་ཐའེ་ཝན་གྱི་རྒྱབ་ཏུ་ལངས་ནས་ཐའེ་ཝན་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག
ཟླ་འདིའི་ཨ་རིའི་ཚེས་ ༢༡ རེས་གཟའ་ཕུར་བུའི་ཉིན་ཨ་རིའི་སྲིད་འཛིན་བྷ་ཌན་སི་ཨན་ཨན་གསར་ཁང་(CNN)གི་ལས་རིམ་ཞིག་ལ་མཉམ་ཞུགས་གནང་འདུག་ཅིང་། ལས་རིམ་དེའི་ཐོག་ཁོང་ལ་གལ་སྲིད་རྒྱ་ནག་གིས་ཐའེ་ཝན་ལ་དྲག་པོའི་བཙན་འཛུལ་བྱས་ན། ཨ་རི་ཐའེ་ཝན་གྱི་རྒྱབ་ཏུ་ལངས་ནས་ཐའེ་ཝན་སྲུང་སྐྱོབ་བྱེད་སྲིད་མིན་དྲིས་པར། ཁོང་གིས་“བྱེད་རྒྱུ་རེད། ང་ཚོ་ལ་དེ་ལྟར་བྱེད་རྒྱུའི་འོས་འགན་ཡོད་”ཅེས་བརྗོད་ཡོད་འདུག
ཨ་རིའི་སྲིད་འཛིན་ཇི་མི-ཁ་ཋར་(Jimmy Carter)གྱིས་འགོ་ཁྲིད་པའི་ཨ་རིའི་གཞུང་གིས་ ༡༩༧༩ ལོར་ཐའེ་ཝན་དང་གཞུང་གི་འབྲེལ་ལམ་བཅད་པ་ནས་བཟུང་། འདས་པའི་ངོ་ལོ་ ༤༠ ཙམ་གྱི་རིང་ལ་ཨ་རིའི་སྲིད་འཛིན་རིམ་བྱོན་གྱིས་“རྒྱ་ནག་གཅིག་གི་སྲིད་བྱུས་”ཁས་ལེན་བྱེད་ཀྱི་ཡོད་ཅིང་། སྲིས་བྱུས་དེའི་འོག་ཏུ་ཨ་རིས་ཐའེ་ཝན་གྱི་བདག་དབང་རྒྱ་ནག་ལ་ཡོད་པའི་ཁས་ལེན་བྱེད་ཀྱི་ཡོད།
སྲིད་འཛིན་བྷ་ཌན་གྱིས་ཐའེ་རྒྱའི་གནས་ཚུལ་དང་་འབྲེལ་བའི་སྐད་ཆ་དེ་བཤད་རྗེས། ཕོ་བྲང་དཀར་པོའི་འབྲེལ་ཡོད་ལས་བྱེད་ཅིག་གིས་སྲིད་འཛིན་ཁོང་གིས་“ང་ཚོའི་སྲིད་བྱུས་ལ་འགྱུར་བ་ཕྱིན་ཡོད་པའི་ཁྱབ་བསྒྲགས་བྱེད་ཀྱི་མེད་ལ། ང་ཚོའི་སྲིད་བྱུས་ལ་འགྱུར་བ་གང་ཡང་ཐེབས་མེད་”ཅེས་གསལ་བཤད་བྱས་ཡོད་འདུག
གཞན་ཡང་། ལས་རིམ་དེའི་ཐོག་ཏུ་སྲིད་འཛིན་བྷ་ཌན་གྱིས་“རྒྱ་ནག་དང་། ར་ཤི་ཡ། དེ་བཞིན་འཛམ་གླིང་གི་ཡུལ་གྲུ་གཞན་གྱིས་ང་ཚོ་ལ་འཛམ་གླིང་ལོ་རྒྱུས་སྟེང་གི་དམག་ཤུགས་ཆེ་ཤོས་དེ་ཡོད་པ་ཤེས་ཀྱི་ཡོད་རེད། ཁོ་ཚོ་ང་ཚོ་ལས་སྟོབས་ཤུགས་ཆེ་བ་ཆགས་སྲིད་མིན་ལ་སེམས་ཁྲལ་བྱེད་མི་དགོས་”ཞེས་བརྗོད་དེ། ཁོང་གིས་རྒྱ་ནག་གི་དམག་ཤུགས་ལ་སེམས་འཚབ་བྱེད་ཀྱི་མེད་སྐོར་བརྗོད་ཡོད་འདུག
ད་ལྟ་མང་གཙོའི་འཛམ་གླིང་གི་མིག་ལམ་དུ་རྒྱ་ནག་གི་ངན་པའི་རང་བཞིན་དང་། གཡོ་ཇུས། གོ་ལ་དབང་དུ་སྒྱུར་འདོད་པའི་ཧམ་སེམས་རྣམས་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྱུར་བཞིན་པ་མ་ཟད། ཐའེ་ཝན་གྱི་མཁའ་དབྱིབས་སུ་དམག་གི་གནམ་གྲུ་རྒྱུན་ཆད་མེད་པར་བཏང་ནས་མི་འབོར་ས་ཡ་ ༢༥ ཙམ་ཡོད་པའི་གླིང་ཕྲན་རྒྱལ་ཁབ་ཆུང་ཆུང་དེར་དྲག་པོའི་བཙན་འཛུལ་བྱེད་རྒྱུ་ཡིན་པའི་འཇིགས་སྐུལ་སྔར་བས་ཀྱང་ཆེ་བ་བྱེད་བཞིན་ཡོད་པར་བརྟེན། ཨ་རིས་གཙོས་པའི་མང་གཙོའི་རྒྱལ་ཁབ་དག་གིས་ཐའེ་ཝན་དང་འབྲེལ་ལམ་བཟང་དུ་བཏང་ནས་རྒྱ་ནག་ལ་དངོས་སུ་ཁ་གཏད་གཅོག་རྒྱུའི་བསམ་བློ་དང་གྲ་སྒྲིག་བྱེད་ཀྱིན་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།