སྲིད་འཛིན་རྗོ་བྷའེ་ཌན་གྱིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ནང་དངུལ་གྱི་ཡོང་ཁུངས་གསལ་པོ་བཟོ་དགོས་སྐོར་བརྗོད་འདུག 

ཨ་རི་ནང་དུ་གྲོས་ཚོགས་ཀྱི་བར་མའི་འོས་བསྡུ་སླེབས་ལ་ཉེ་བ་དང་བསྟུན། སྲིད་འཛིན་རྗོ་བྷའེ་ཌན་གྱིས་ཨ་རིའི་འོས་བསྡུ་ནང་དུ་སྲིད་དོན་ཚོགས་པ་ཚོར་ཞལ་འདེབས་སྤྲོད་མཁན་གྱི་གྲངས་ཐོ་སོགས་ཕྱིར་བསྒྲགས་ཀྱིས། དངུལ་གྱི་ཡོང་ཁུངས་གསལ་པོ་བཟོ་དགོས་པའི་ཁྲིམས་གཏན་འབེབས་དགོས་པའི་དགོས་འདུན་བཏོན་འདུག་ཀྱང་། སྤྱི་མཐུན་ཚོགས་པའི་དགག་བྱ་ལ་བརྟེན་ནས་ཁྲིམས་དེ་གཏན་འབེབས་ཡོང་རྒྱུ་ཁག་པོ་རེད་འདུག 

ཟླ་༩ པའི་ཚེས་༢༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༢༠ ཉིན་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གྱིས་གསར་འགོད་པ་ཚོར་བརྗོད་དོན་ལ། ཨ་རིའི་འོས་བསྡུ་སྐབས་སུ་དངུལ་གྱི་ཡོང་ཁུངས་གསལ་པོ་མེད་པའི་དངུལ་ནག་པོ་མང་པོ་ཞིག་བེད་སྤྱོད་གཏོང་བཞིན་ཡོད་པས། དེ་དག་ནི་མང་གཙོར་དཀའ་ངལ་ཆེན་པོ་ཞིག་ཡིན་པ་དང་། འོས་བསྡུར་ཤུགས་རྐྱེན་སྤྲོད་ཆེད་དུ་བེད་སྤྱོད་གཏོང་གི་ཡོད་པའི་དངུལ་གྱི་ཁོངས་སུ་དངུལ་ཕོན་ཆེན་པོ་ཞིག་གི་ཡོང་ཁུངས་གསལ་པོ་མེད་པས། གྲོས་ཚོགས་ཀྱིས་ཕྱིར་བསྒྲགས་ཀྱི་ཁྲིམས་ཞེས་པ་དེ་གཏན་འབེབས་བྱེད་རྒྱུ་གལ་ཆེན་ཆགས་ཡོད་སྐོར་བརྗོད་འདུག 

ཁྲིམས་འཆར་དེའི་ནང་འོས་བསྡུ་ནང་མཉམ་ཞུགས་བྱེད་མཁན་སྲིད་དོན་ཚོགས་པ་དང་སྒྲིག་འཛུགས་གཞན་ཚོས་ཞལ་འདེབས་དང་འགྲོ་སོང་ཆེན་པོ་གཏོང་མཁན་ཚོའི་མིང་ཕྱིར་བསྒྲགས་བྱེད་དགོས་པ་དང་། དེ་བཞིན་ཕྱིའི་རྒྱལ་ཁབ་ཁག་གི་ཚོགས་སྡེ་ཚོས་ཨ་རིའི་འོས་བསྡུར་ཞལ་འདེབས་སྤྲོད་ཆོག་གི་མེད་པ་རེད་འདུག འོན་ཀྱང་སྤྱི་མཐུན་ཚོགས་པའི་དགག་བྱ་ལ་བརྟེན་ནས་ཁྲིམས་འཆར་དེ་གྲོས་ཚོགས་གོང་མ་ནང་དུ་གཏན་འབེབས་ཐུབ་རྒྱུ་ཁག་པོ་ཡིན་འདུག 

སྲིད་འཛིན་རྗོ་བྷའེ་ཌན་གྱིས་ཨ་རིའི་སྲིད་དོན་ཚོགས་པ་ཆེ་ཁག་གཉིས་ཀ་ནང་དུ་དངུལ་ནག་པོའི་དཀའ་ངལ་ཡོད་ཀྱང་། གྲོས་ཚོགས་ནང་དུ་ཡོད་པའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་དངུལ་དེ་དག་གི་ཡོང་ཁུངས་སོགས་ཕྱི་གསལ་ནང་གསལ་ཡོང་ཐབས་དང་འགན་ཁུར་ཡོང་ཐབས་བྱེད་བཞིན་ཡོད་ཀྱང་། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་ཁྲིམས་འཆར་དེར་རྒྱབ་སྐྱོར་བྱེད་ཀྱི་མེད་སྐོར་བརྗོད་འདུག 

ཨ་རིའི་གྲོས་ཚོགས་གོང་མའི་མང་གཙོ་ཚོགས་པའི་འགོ་ཁྲིད་ཆཱག་ཤུ་མཱེར་གྱིས། ཁྲིམས་འཆར་དེ་གྲོས་ཚོགས་གོང་མའི་ནང་དུ་གཏན་འབེབས་ཐུབ་རྒྱུ་ཁག་པོ་ཡིན་ཡང་། དེའི་ཐོག་འོས་བསྡུ་བྱས་ཏེ་མང་ཚོགས་ནང་དུ་འོས་བསྡུ་སྐབས་སུ་དངུལ་ནག་པོ་དེ་རིགས་བེད་སྤྱོད་གཏོང་བར་རྒྱབ་སྐྱོར་སུ་དང་སུས་བྱེད་ཀྱི་ཡོད་མེད་གསལ་པོ་ཆགས་རྒྱུ་ཡིན་སྐོར་བརྗོད་འདུག 

ཨ་རིའི་འོས་བསྡུ་སྐབས་སུ་གསལ་བསྒྲགས་དང་དྲིལ་བསྒྲགས་ཚོང་ལས་ཁང་ཚོས་འོས་མི་ཞིག་ལ་རྒྱབ་སྐྱོར་རམ་སྐྱོན་བརྗོད་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་གྱི་ཡོད་ཀྱང་། ལས་འགུལ་དེའི་ཆེད་དུ་དངུལ་འགྲོ་སོང་སུས་བཏང་བ་ཡིན་མིན་ཕྱིར་བསྒྲགས་བྱེད་ཀྱི་མེད་ཁར། སྐབས་རེ་མི་སྣའམ་ཚོགས་སྡེ་ཤུགས་རྐྱེན་ལྡན་པ་ཚོས་ཚོགས་སྒེར་སོགས་བེད་སྤྱོད་བྱས་ཏེ། དེ་དག་བརྒྱུད་ནས་རང་གི་དགོས་འདུན་སྒྲུབ་ཆེད་དུ་དངུལ་ཕོན་ཆེན་ཞལ་འདེབས་སྤྲོད་ཀྱི་ཡོད་འདུག 

སྤྱིར་བཏང་ཨ་རིའི་ཁྲིམས་ནང་དུ་མི་སྒེར་པ་དང་སྲིད་དོན་ལས་འགུལ་བ་ཚོགས་སྡེ་ཚོས། འོས་མི་ཚོར་དངུལ་ཐད་ཀར་ཚད་གཞི་ངེས་ཅན་ཞིག་མ་གཏོགས་སྤྲོད་ཆོག་གི་མེད་འདུག་ཀྱང་། ཕྱི་ལོ་༢༠༡༠ ལོར་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་རྩ་ཁྲིམས་ནང་དུ་ཡོད་པའི་སྨྲ་བརྗོད་རང་དབང་ལ་བརྟེན་ནས་འོས་མི་ཚོར་ཐད་ཀར་མིན་པའི་ཐོག་ནས་རྒྱབ་སྐྱོར་དང་དགག་བྱ་བྱེད་ཆེད་དུ་དངུལ་ཚད་མེད་གཏོང་ཆོག་གི་ཡོད་པའི་ཐག་གཅོད་བྱས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།