སྲིད་ལ་དག་སྣང་མི་དགོས།

བོད་པའི་ཁ་རྒྱུན་དུ་དད་པ་དག་སྣང་དང་། དམ་ཚིག་ཉམས་ཆག་ཅེས་པའི་ཚིག་དེ་ཡོད་ཡོད་པ་ཞིག་ཡིན་ལ། བོད་མི་ཕལ་མོ་ཆེའི་སེམས་ལ་དད་པ་དང་དག་སྣང་གི་ངོ་བོ་ངོ་མ་ག་འདྲ་ཞིག་ཡིན་མིན་མི་ཤེས་མཁན་ཡང་མང་པོ་ཡོད། གང་ལྟར་དད་ལོག་པ་དང་། དམ་ཉམས་ཞེས་པ་དེ་བོད་པའི་སྤྱི་ཚོགས་སུ་དམའ་འབེབས་གཏོང་བྱེད་ཀྱི་ཚིག་ནུས་པ་ཆེ་ཤོས་ལྟ་བུར་བརྩི་སྲོལ་ཡོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༤༦  ཕྱི་ལོ་ ༢༠༡༩/༤ /༡༠

བོད་པའི་ཁ་རྒྱུན་དུ་དད་པ་དག་སྣང་དང་། དམ་ཚིག་ཉམས་ཆག་ཅེས་པའི་ཚིག་དེ་ཡོད་ཡོད་པ་ཞིག་ཡིན་ལ། བོད་མི་ཕལ་མོ་ཆེའི་སེམས་ལ་དད་པ་དང་དག་སྣང་གི་ངོ་བོ་ངོ་མ་ག་འདྲ་ཞིག་ཡིན་མིན་མི་ཤེས་མཁན་ཡང་མང་པོ་ཡོད། གང་ལྟར་དད་ལོག་པ་དང་། དམ་ཉམས་ཞེས་པ་དེ་བོད་པའི་སྤྱི་ཚོགས་སུ་དམའ་འབེབས་གཏོང་བྱེད་ཀྱི་ཚིག་ནུས་པ་ཆེ་ཤོས་ལྟ་བུར་བརྩི་སྲོལ་ཡོད། འོན་ཀྱང་ད་ལྟའི་ཆར་མི་སྐྱ་ཕོ་མོ་ཡན་ཆད་ནས་ཆོས་ལ་འཇུག་སྐབས་དད་པ་རྐྱང་པ་ལ་བརྟེན་མི་འོས་པར། བརྟག་དཔྱད་ཞིབ་འཇུག་སོགས་རིགས་པ་ལ་བརྟེན་ནས་འཇུག་དགོས་པའི་ལམ་སྟོན་སློབ་གསོ་གནང་མཁན་མང་པོ་དང་། དེའི་རྗེས་སུ་འབྲངས་མཁན་ཡང་ཧ་ཅང་མང་པོ་ཡོད། ཕྱོགས་གཅིག་ནས་རིགས་པའི་རྗེས་སུ་འབྲངས་པ་ནི་ཡང་དག་པ་ཞིག་ཡིན་ནའང་། ཕྱོགས་གཅིག་ནས་ངེས་ཤེས་སྐྱེ་ཐུབ་པའི་རིགས་པ་ཡང་དག་ཅིག་སྦྱང་མ་ཐུབ་པར། ཡིད་ཁྱེད་ཤེས་ཀྱི་དད་པ་དེ་ཡང་ཡལ་ནས་དོན་དུ་བོད་པ་ནི་ནང་པ་སངས་རྒྱས་པའི་རྗེས་འཇུག་ཡིན་པར་ཁས་འཆེ་བ་ཙམ་ལས་དོན་དངོས་སུ་སྐྱ་ཆད་སྔོ་རྡུགས་ཀྱི་དུས་ཚོད་ཅིག་ཏུ་གྱུར་ཡོད།

ད་ལྟ་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ཆོས་ལ་དད་པས་འཇུག་མི་འོས་པའི་ལྟ་ཚུལ་འཛིན་མཁན་མང་ནའང་། སྲིད་ལ་དད་པ་དང་དག་སྣང་བྱེད་པའི་རྣམ་པ་ནི་རྒྱ་ཆེན་པོ་ཡོད་ཅིང་། དཔེར་ན་རྒྱ་གཞུང་དང་དེའི་སྲིད་བྱུས་ལ་ཡིད་ཁྱེད་ཤེས་ཀྱིས་དད་པ་དག་སྣང་བྱེད་པའི་རྣམ་པ་ཡང་མང་པོ་ཡོད། དཔེར་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། རྒྱ་དམར་གཞུང་གི་དབར་འབྲེལ་མཐུད་པ་དེང་སྐབས་ཨ་རིར་གནས་སྡོད་རྒྱ་མི་ཀའོ་ཝིན་ཀུའུ་ཡིས། ཕྱི་ལོ་༢༠༡༣ ལོའི་ལོ་མཇུག་ཙམ་གྱི་གནས་ཚུལ་དང་འབྲེལ་བའི་སྐོར་བརྒྱུད་ལམ་ཁག་ཏུ་ཉེ་ཆར་ཡོངས་བསྒྲགས་བྱས་ཤིང་། ༧གོང་ས་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་སྤྲིངས་པའི་ཕྱག་བྲིས་ཕྱག་བསྟར་མའི་ངོ་བཤུས་ཀྱང་འགྲེམས་སྤེལ་བྱས་སོང་། ད་དུང་ཁོས་བརྗོད་པ་ལྟར་ན་རྒྱ་གཞུང་གི་འབྲེལ་ཡོད་དཔོན་རིགས་ཁག་ཅིག་གིས། ཡི་གེ་དེས་མ་འོངས་པར་ཕན་ཐོགས་པས་ཁྱེད་ཀྱི་ལས་དོན་ཡག་པོ་བྱུང་སོང་། རྗེས་མ་ཏཱ་ལའི་བླ་མ་བཀྲོངས་ཤོག་ཅེས་བརྗོད་སོང་ཚུལ་བཤད་འདུག་ཀྱང་། ད་དུང་ཁོའི་སྐད་ཆ་ལ་དག་པ་དེ་ཙམ་མི་སྟེར་བར་རྒྱ་གཞུང་ལ་དག་སྣང་སྦྱོང་མཁན་མང་པོ་འདུག

དང་པོ་ཀའོ་ཝིན་ཀུའུ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་བྲིས་ཕྱག་བསྟར་མ་ཡང་སྐུར་ཆོག་པའི་ཡིད་ཆེས་བྱ་ཡུལ་ཞིག་ཏུ་བརྩིས་ཡོད་ནའང་། ད་ལྟའི་ཆར་ཁོས་བཤད་པའི་སྐད་ཆ་དེ་ལ་བདེན་པ་ཡིན་མིན་ཐེ་ཚོམ་དུ་གྱུར་ཡོད་པའི་ལྟ་ཚུལ་འཛིན་པ་ནི། རྒྱ་གཞུང་ལ་སེམས་གཏིང་ནས་ཡིད་ཆེས་དང་དག་སྣང་ཡོད་པའི་རྣམ་པ་ཕྱིར་མངོན་པ་ཞིག་རེད། དོན་དངོས་སུ་རྒྱ་དམར་གཞུང་ནི་བོད་པའི་ཁ་རྒྱུན་དུ་ཕར་ཡིད་ཆེས་ཀྱིས་མགོ་པང་ཐོག་ཏུ་བཞག་ཀྱང་། ཚུར་བྱམས་སེམས་གང་ཡང་མེད་པར་མཆེ་བ་ཀླད་ཁུང་ནས་རྡེབ་པའི་གདུག་རྩུབ་ཅན་གྱི་སྲིད་གཞུང་ཞིག་ཡིན་པས། ཆབ་སྲིད་ཀྱི་ཐོག་ནས་བོད་ཀྱི་དགྲ་བོ་ཉག་གཅིག་ཏུ་གྱུར་པའི་རྒྱ་དམར་གཞུང་ལ་ཡིད་ཆེས་དང་དག་སྣང་བྱེད་འོས་པའི་རྒྱུ་མཚན་སྣ་གཅིག་མེད། འོན་ཀྱང་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་དད་པ་དག་སྣང་བྱེད་ཡུལ་དེ་དངོས་སུ་གོ་ལྡོག་ནས། ཆོས་ཕྱོགས་སུ་དད་པ་དག་སྣང་དེ་དགོས་མཁོ་ཆེར་མེད་པ་དང་། ཆབ་སྲིད་ཀྱི་ཕྱོགས་ནས་བརྟག་དཔྱད་ཞིབ་འཇུག་ལ་དེ་ཙམ་བརྟེན་མི་དགོས་པར་ཡིད་ཆེས་དང་དག་སྣང་གཞི་རྩར་འཛིན་པ་ལྟ་བུའི་སྣང་ཚུལ་འདི་མཐོང་རྒྱུ་ཡོད། བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་དོན་དམ་པར་ནང་པ་སངས་རྒྱས་པའི་གཞུང་ལུགས་སུ་གསལ་བ་བཞིན། ཆོས་ཕྱོགས་ལ་དད་པ་དང་དག་སྣང་ཡོད་མཁན་གྱི་མི་སྣ་དཀོན་ནས་དཀོན་དུ་འགྲོ་བཞིན་ཡོད་ནའང་། ཆབ་སྲིད་ཀྱི་ཕྱོགས་ནས་དད་པ་དང་དག་སྣང་ཡོད་པའི་རྣམ་འགྱུར་སྟོན་མཁན་མང་པོ་ཡོད་པ་ནི། བཙན་བྱོལ་བོད་མི་ཕལ་མོ་ཆེས་རྩ་དོན་འཐབ་རྩོད་ལ་འགན་ཁུར་འདོད་མེད་པར། རང་ཉིད་ཁོ་ནའི་ཟས་གོས་གནས་མལ་ཙམ་ལ་བསམ་བློ་གཏོང་གི་ཡོད་པས་འཐབ་རྩོད་ཀྱི་ཐོག་ནས་ཁ་གཡོལ་ས་ལྟ་བུར་གྱུར་ཡོད། ཁ་ཅིག་གིས་རྒྱ་དམར་དྲག་པོའི་གཞུང་ལ་གུས་བཀུར་དང་བསྟོད་བསྔགས། ཡིད་ཆེས་ཀྱི་རྣམ་པ་རྒྱ་ཆེན་པོ་ཕྱིར་མངོན་པ་ནི། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་། ༧གོང་ས་མཆོག་གི་ཡང་དག་པའི་དགོངས་གཞི་ཡིན་ཚུལ་ཁ་ནས་འགྲེལ་བརྗོད་བྱེད་བཞིན་ཡོད་ཀྱང་། དོན་དུ་རང་ཉིད་ཀྱི་ཁེ་ཕན་ཁོ་ན་དོན་དུ་གཉེར་བཞིན་ཡོད་པའང་ཕར་བལྟས་ཚུལ་གསལ་རེད། ད་དུང་ཁ་ཤས་ནི་ཕྱི་ཚུལ་བཅོས་མ་ཙམ་མ་ཡིན་པར་ཆོས་དང་ཆབ་སྲིད་གཉིས་ངོས་ནས་དག་སྣང་ཡིད་ཆེས་ཀྱིས་ཁེངས་ནས་བསྡད་ཡོད་པའང་སྨྲོས་མི་དགོས་པ་རེད།

མདོར་ན་དད་པ་དེང་སྐབས་བེད་སྤྱོད་ཡོད་ན་ཆོས་ཕྱོགས་ཁོ་ན་ཡིན་ལ། གཞན་ལས་དོན་གང་ཡིན་ཡང་བརྟག་དཔྱད་ཞིབ་འཇུག་གིས་འཇུག་དགོས་པ་ནི་གལ་ཆེན་པོ་ཡིན་པ་མ་ཟད། ད་དུང་རྒྱ་དམར་གཞུང་ལྟ་བུ་ཡ་ང་སྙིང་རྗེ་དང་བྲལ་ཞིང་། ངོ་ཚ་ཞེ་ཁྲེལ་གཏན་ནས་མེད་ཅིང་གདུག་རྩུབ་ཆེ་བའི་སྲིད་གཞུང་ཞིག་ལ་ཡིད་ཆེས་དང་དག་སྣང་བྱས་ན། ཐ་མ་ཡིད་ཆེས་བྱེད་མཁན་ཕམ་ཉེས་སུ་འགྲོ་རྒྱུ་ཉག་གཅིག་ཡིན་པ་དེ་གཞི་རྩའི་ཐོག་ནས་ངོས་འཛིན་ཡོད་དགོས་པ་ཞིག་རེད། འོན་ཀྱང་རྒྱ་དམར་གཞུང་ལ་འབྲེལ་བ་བྱེད་མི་དགོས་པ་མིན་ཡང་། ང་ཚོའི་ཁེ་ཕན་དང་རྒྱ་གཞུང་ལ་གནོན་ཤུགས་གཙོ་བོར་གྱུར་པའི་ཐབས་ཤེས་གང་ཡོད་སྤྱད་དགོས་པ་ལས། ཡིད་ཆེས་ངོ་དགའ་ཁོ་ན་ལ་བརྟེན་ནས་བོད་དོན་ཐག་གཅོད་བྱེད་ཐུབ་པ་ཞིག་མིན། མ་འོངས་པར་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ལྟ་བུ་རྒྱ་ནག་ལ་རག་པའི་དབང་དུ་བཏང་ན། སླར་ཡང་གནས་སྐབས་འབྲེལ་བ་ཙམ་མཐུད་སྲིད་ཀྱང་དོན་དུ་ང་ཚོ་ལ་ཕན་ཐོགས་པ་ཞིག་ཡོང་མི་སྲིད་པ་ལོ་རྒྱུས་ཀྱིས་ར་སྤྲད་ཡོད་སྟབས། ཆོས་ལ་དད་པ་དག་སྣང་དགོས་པ་ལས་སྲིད་ལ་དག་སྣང་གིས་ཁུངས་མི་འཁྱོལ་བ་དོན་དངོས་སུ་གྱུར་ཡོད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།