སྲིད་སྐྱོང་། མ་ཤེས་ཐབས་མེད་ཀྱི་གནད་དོན་འགའ།

དེང་སང་བོད་པའི་སྤྱི་ཚོགས་ནང་སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུ་ལས་འཕྲོས་ནས་གང་སར་བགྲོ་གླེང་དང་། གཏམ་བཤད་མང་པོ་བྱེད་བཞིན་པའི་དུས་སྐབས་ཤིག་ཆགས་ཡོད་པ་རེད། དེར་བརྟེན་འདིར་སྲིད་སྐྱོང་འོས་བསྡུའི་སྐོར་ལས་འཕྲོས་པའི་བསམ་ཚུལ་དང་དྲི་བ་འགའ་རྒྱ་ཆེའི་མི་མང་གི་མདུན་དུ་འཇོག་འདོད་བྱུང་།

ཡོ་རོབ། གཡག་རྒན་ཐོད་དཀར།
གླེང་གཞི།
དེང་སང་བོད་པའི་སྤྱི་ཚོགས་ནང་སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུ་ལས་འཕྲོས་ནས་གང་སར་བགྲོ་གླེང་དང་། གཏམ་བཤད་མང་པོ་བྱེད་བཞིན་པའི་དུས་སྐབས་ཤིག་ཆགས་ཡོད་པ་རེད། དེར་བརྟེན་འདིར་སྲིད་སྐྱོང་འོས་བསྡུའི་སྐོར་ལས་འཕྲོས་པའི་བསམ་ཚུལ་དང་དྲི་བ་འགའ་རྒྱ་ཆེའི་མི་མང་གི་མདུན་དུ་འཇོག་འདོད་བྱུང་།

གཅིག སྲིད་སྐྱོང་གི་འོས་མི་དང་། དེ་འབྲེལ་གྱི་དྲི་བ།
འདས་པའི་ལོ་བཞི་ལྷག་དེའི་ནང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྤྱི་མི་ཞིག་དང་། བོད་སྤྱི་པར་འགན་མ་ཁུར་བའི་ཕྱག་ལས་གནང་སོང་བསམ་པ་དེ་འདྲ་མེད། ཡིན་ནའང་དབུས་གཙང་ཆོལ་ཁའི་མིང་ཐོག་སྤྱི་འཐུས་ཟླ་བ་ཚེ་རིང་ཁོང་ཚོས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་སྲིད་སྐྱོང་འོས་མིར་བཏོན་པ་དང་། དེ་བཞིན་མངའ་རིས་སྤྱི་མཐུན་ཚོགས་པའི་ངོས་ནས་བཀྲ་ཤིས་དབང་འདུས་སྲིད་སྐྱོང་འོས་མིར་བཏོན་པ་རེད། ཁོང་རྣམ་གཉིས་ནི་ཨ་མ་དབུས་གཙང་ཁུལ་དང་། མངའ་རིས་ཁུལ་ནས་ཡིན་པ་ཙམ་གྱིས་མ་ཡིན་པར། ནང་ཁུལ་དུ་ཆབ་སྲིད་རྐུབ་བཀྱགས་བརྒྱུད་སྤྲོད་ཀྱི་འཁྲབ་སྟོན་ལྟ་བུ་ཆགས་འདུག གང་ལྟར་ཡང་སྤྱི་འཐུས་ཟླ་བ་ཚེ་རིང་གིས་དབུ་ཁྲིད་པའི་དབུས་གཙང་ཆོལ་ཁའི་ཚོགས་པ་དང་། མངའ་རིས་སྤྱི་མཐུན་ཚོགས་པ་གཉིས་ནས་བཙན་བྱོལ་ནང་གི་མི་འབོར་མང་བའི་ཚོགས་སྡེ་ཆེན་པོ་འདི་གཉིས་ཀྱི་མིང་ཐོག་ནས་སྲིད་སྐྱོང་བློ་བཟང་སེང་གེ་སྤྱི་མི་ཞིག་ཏུ་ངོས་མ་བཟུང་བ་རེད། དེར་བརྟེན་མིག་མདུན་དུ་ལྷགས་པའི་དྲི་བ་གང་རེད་ཟེར་ན། འདས་པའི་མི་ལོ་བཞིའི་རིང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྤྱི་མི་ཞིག་ཏུ་ངོས་འཛིན་མི་ཐུབ་པའི་ཕྱག་ལས་ག་རེ་གནང་བ་རེད། དྲི་བ་འདི་ལ་སྤྱི་འཐུས་ཟླ་བ་ཚེ་རིང་གིས་དབུ་ཁྲིད་པའི་དབུས་གཙང་ཆོལ་ཁའི་ཚོགས་པ་དང་། མངའ་རིས་སྤྱི་མཐུན་ཚོགས་པ་གཉིས་ནས་ངེས་པར་ལན་འདེབས་བྱེད་དགོས་པ་ཞིག་རེད་སྙམ་གྱི་ཡོད།
ཡིན་ནའང་ཐེངས་འདིའི་དབུས་གཙང་ཆོལ་ཁའི་ཚོགས་པ་དང་། མངའ་རིས་སྤྱི་མཐུན་ཚོགས་པ་གཉིས་ནས་སྲིད་སྐྱོང་གི་འོས་མི་བཏོན་པ་དེ་དབུས་གཙང་ཆོལ་ཁའི་མི་མང་གི་མངོན་འདོད་ཡིན་མིན་ད་དུང་ལྟ་རྒྱུ་རེད། མ་ཟད་ད་དུང་དྲི་བ་གཞན་ཞིག་ནི། ཚོགས་གཙོ་སྤེན་པ་ཚེ་རིང་ལ་སྲིད་སྐྱོང་གི་འོས་ཐོབ་པ་ཡིན་ན་བཙན་བྱོལ་བོད་པའི་ཆིག་སྒྲིལ་དེ་གང་འདྲ་ཞིག་ཆགས་ཀྱི་རེད། དེ་ནི་དབུས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བརྟན་ལྷིང་ལ་དོ་ཁུར་ཡོད་མཁན་ཡིན་ན་དོན་དམ་པའི་དྲི་བ་ཞིག་རེད་བསམ་གྱི་ཡོད། གཞན་ཡང་འདིར་དབུས་གཙང་ཆོལ་ཁའི་ཚོགས་པ་ལ་དྲན་གསོ་དང་དྲི་བ་ཞུ་རྒྱུ་ཞིག་ལ། སྐབས་སྔོན་མ་དབུས་གཙང་ཆོལ་ཁའི་ཚོགས་ཆེན་གྱིས་(དབུས་གཙང་ཆོལ་ཁར་ཤ་ཚ་ཞེན་ཁོག་ལྡན་པ་དགོས་རྒྱུ་དེ་)དབུས་གཙང་མི་མང་གིས་འོས་འཕེན་ཡུལ་ཡིན་སྐོར་འཛེམས་ཟོན་མེད་པའི་གསལ་བསྒྲགས་ཤིག་བཏང་ཡོད་པ་ད་བར་འགྱུར་བ་གང་ཡང་བཏང་མེད་པས། ཉིན་འགའི་གོང་དུ་དབུས་གཙང་ཆོལ་ཁོངས་ནས་ཡིན་པ་དམག་ཟུར་བཀྲ་ཤིས་སྟོབས་རྒྱལ་སྲིད་སྐྱོང་འོས་མིར་ལངས་ཡོད་པ་དང་། ཁོང་གིས་ཧ་ཅང་ཁ་གསལ་པོའི་སྒོ་ནས་(ང་དབུས་གཙང་ཆོལ་ཁའི་ནང་ནས་སྲིད་སྐྱོང་དུ་ལངས་པ་རྟེན་འབྲེལ་མ་འཆུག་པའི་ཆེད་དུ་ཡིན་) གསུངས་པ་ཁོ་ནས་(དབུས་གཙང་ཆོལ་ཁར་ཤ་ཚ་ཞེན་ཁོག་ལྡན་པ་)ཡིན་པ་ཧ་ཅང་གསལ་པོ་ཆགས་ཡོད་པས། ད་ལན་དབུས་གཙང་ཆོལ་ཁའི་ངོས་ནས་དབུས་གཙང་ཆོལ་ཁར་ཤ་ཚ་ཞེན་ཁོག་ལྡན་པ་ཐོན་ཡོང་དུས་རྒྱབ་སྐྱོར་བྱེད་རྒྱུ་རེད་དང་མ་རེད། འདི་ནི་ད་ལན་སླར་དབུས་གཙང་ཆོལ་ཁའི་ཚོགས་པ་ལ་ཁ་བཤད་ལག་ལེན་ཡོད་མེད་ཀྱི་དྲི་བ་ཞིག་རེད།

གཉིས། སྲིད་སྐྱོང་འོས་མི་དང་། ཆབ་སྲིད་ལངས་ཕྱོགས།
ཐེངས་འདིའི་སྲིད་སྐྱོང་འོས་བསྡུའི་འགྲན་རྩོད་ནང་བོད་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་ཆབ་སྲིད་བཙོན་ཟུར་ཨ་ཚོགས་ཀླུ་མཁར་བྱམས་དང་། དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་མཁན་སྲིད་སྐྱོང་བློ་བཟང་སེང་གེ ཚོགས་གཙོ་སྤེན་པ་ཚེ་རིང་། བཀྲ་ཤིས་དབང་འདུས་བཅས་ཕྱོགས་གཉིས་ནས་ཐོན་ཡོད། དེ་ནི་འདས་པའི་མི་ལོ་བཞི་ལྷག་གི་རིང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དང་པོ་དང་། ༡༩༩༧ ལོར་༧གོང་ས་མཆོག་གི་ཡེ་ཤེས་དབྱིངས་དཔྱད་ཀྱི་སྐུ་དབང་གི་གྲོས་ཆོད་གཉིས་ཀྱི་གནས་བབ་དེའི་འོག་ནས་དགའ་ལྡན་ཕོ་བྲང་བླ་བྲང་དང་། དབུ་མའི་ལམ་གྱི་ནང་དོན་མི་ཤེས་ཀྱང་། ༧གོང་ས་མཆོག་གི་བཀའ་དགོངས་སྒྲུབ་པར་ཁ་གཡར་བའི་སྐབས་འཚོལ་རིང་ལུགས་པ་དག་གིས་དབུ་མའི་ལམ་རྒྱ་ལ་མི་རྩོད་པར་བོད་པ་ནང་ཁུལ་ལ་བརྩད་པ་དང་། ཐ་ན་བོད་རྒྱལ་ཁབ་ཆེན་པོ་སླར་གསོའི་རྩ་དོན་འཛིན་མཁན་དག་ནི་བོད་མིའི་དགྲ་ཡི་དྭངས་མར་འཛིན་པའི་དུས་སྐབས་ཤིག་ཏུ་སླེབས་བཞིན་ཡོད་པ་འདིར། རྒྱ་ནག་གཞུང་གིས་ལེགས་གསོའི་བསྔགས་བརྗོད་ཐོབ་མེད་ན་ཡང་། བོད་པ་ནང་ཁུལ་ནས་དེ་ཚོ་ལ་གཟིགས་མཐོང་བདག་རྐྱེན་སྤྲོད་བཞིན་ཡོད་ཙང་། ད་ཆ་བཙན་བྱོལ་བོད་མིའི་ཆིག་སྒྲིལ་ལ་འདས་པའི་མི་ལོ་ཉི་ཤུ་རྩ་གྲངས་ནང་བྱུང་མ་མྱོང་བའི་གཏོར་བཤིག་ཆེན་པོ་ཐེབས་ཡོད་པར་མཐོང་གི་ཡོད།
དེར་བརྟེན་ཐེངས་འདིར་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཨ་ཚོགས་ཀླུ་མཁར་བྱམས་སྲིད་སྐྱོང་འོས་མིར་ལངས་པ་ནི་སྲིད་སྐྱོང་ཐོབ་པའི་གདེང་ཚོད་དང་སྲིད་སྐྱོང་བྱེད་འདོད་ཡོད་པ་ཁོ་ན་ལ་བརྟེན་ནས་ལངས་པ་ཞིག་མིན་པར། གོང་སྨྲོས་དཀའ་ངལ་འདི་དག་བོད་མི་མང་ལ་འགྲེལ་བརྗོད་དང་ཞུ་འབོད་བྱེད་དུ་ཡོང་བ་ཞིག་ཡིན་པར་མཐོང་གི་ཡོད། དེར་བརྟེན་དཀའ་ངལ་འདི་ཚོ་བཙན་བྱོལ་བོད་མིའི་དངོས་ཡོད་ཀྱི་དཀའ་ངལ་ཞིག་དང་། དགོས་མེད་ཀྱི་དཀའ་ངལ་ཞིག། གཞིས་ལུས་མི་མང་གི་བདེ་སྡུག་ལ་བདག་སྤྲོད་བྱེད་པའི་འགལ་རྐྱེན་ཞིག་ཏུ་མཐོང་གི་ཡོད་ན། ཁྱོད་ཀྱི་འོས་གཅིག་པུ་དེ་ཁོང་ལ་འབུལ་དགོས། དེ་ནི་ཀླུ་མཁར་བྱམས་མི་སྒེར་བ་ཞིག་ལ་རྒྱབ་སྐྱོར་བྱས་པ་ཞིག་མིན་པར། བོད་བཙན་པོའི་སྙིང་སྟོབས་རྒྱུན་འཁྱོངས་ལ་རྒྱབ་སྐྱོར་བྱས་པ་ཞིག་དང་། རྒྱ་ནག་གཞུང་གིས་དབུ་མའི་ལམ་ལ་བདག་སྤྲོད་མེད་ན་བོད་མི་མང་ཞུ་འབོད་ཁོ་ན་བྱས་ནས་མི་སྡོད་པའི་བརྡ་ལན་ཧ་ཅང་གལ་ཆེན་ཞིག་ཡིན། མ་ཟད་དབུ་མའི་ལམ་དེ་ཡང་རྒྱ་ལ་རྩོད་དགོས་པ་མ་གཏོགས་ནང་ཁུལ་ལ་རྩོད་དགོས་དོན་མེད་པའི་བརྡ་ལན་གལ་ཆེན་ཞིག་ཡིན། ལྷག་པར་བོད་རང་བཙན་གྱི་ལངས་ཕྱོགས་ལ་བོད་པ་མི་མང་གིས་འོས་འཕེན་གྱི་མི་འདུག་ཟེར་ན་བོད་པ་ནང་ཁུལ་ལ་ངོ་མ་ཚ་ན་ཡང་། དགྲ་བོ་རྒྱ་ནག་གཞུང་དང་། འཛམ་གླིང་མི་མང་གི་མདུན་དུ་ངོ་ཚ་དེ་ལས་ཆེ་བ་ཅི་ཡོད། ཡིན་ནའང་གནད་འགག་འདི་ཚོ་བསམ་བློ་བཏང་ནས་སྲིད་སྐྱོང་འོས་འཕེན་བྱེད་ཀྱི་རེད་དང་མ་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།