སྲིད་སྐྱོང་གི་རང་ཁ་རང་གསོ།

ད་ལྟའི་སྲིད་སྐྱོང་འདི་ཉིད་ཐོག་མ་བཀའ་བློན་ཁྲི་པར་ལངས་པའི་སྐབས་སུ་མ་འོངས་པར་ལས་དོན་བྱེད་པའི་སྐབས་དམིགས་ཡུལ་ལམ་རྩ་འཛིན་གཙོ་བོ་གསུམ་ཡོད་པ་དང། དེ་ཡང་ཆིག་སྒྲིལ། གསར་གཏོད། རང་འགོ་རང་ཐོན་བཅས་རེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༤༤  ཕྱི་ལོ་ ༢༠༡༥/༥/༢༧  
ད་ལྟའི་སྲིད་སྐྱོང་འདི་ཉིད་ཐོག་མ་བཀའ་བློན་ཁྲི་པར་ལངས་པའི་སྐབས་སུ་མ་འོངས་པར་ལས་དོན་བྱེད་པའི་སྐབས་དམིགས་ཡུལ་ལམ་རྩ་འཛིན་གཙོ་བོ་གསུམ་ཡོད་པ་དང། དེ་ཡང་ཆིག་སྒྲིལ། གསར་གཏོད། རང་འགོ་རང་ཐོན་བཅས་རེད། བཀའ་བློན་ཁྲི་པར་འོས་ཐོན་བྱུང་བའི་རྗེས་སུ་རིམ་པས་རང་འགོ་རང་ཐོན་ཞེས་པའི་ཚིག་དེ་རང་ཁ་རང་གསོ་ཞེས་པར་གྱུར་སོང། ཚིག་དེ་འགྱུར་དགོས་དོན་ཚིག་ཁོ་ན་ལ་བརྟེན་ནས་ཡིན་དང། ཡང་ན་དོན་ལ་བརྟེན་ནས་ཡིན་མི་ཤེས་ཀྱང། འགྱུར་བ་དེ་ལྟ་བུ་ཞིག་སོང་བ་དེ་དངོས་ཡོད་གནས་ཚུལ་རེད། བཙན་བྱོལ་ནང་དགོས་ངེས་ཅན་དེ་གཅིག་སྒྲིལ་ཡིན་པ་དང། དེའི་ཐོག་ལ་ཤུགས་བརྒྱབ་ན་རྒྱག་རྒྱུ་ཡོད་པ་ཞིག་ཀྱང་ཡིན་ངེས་པ་རེད། གསར་གཏོད་ཅེས་པ་དེ་བཙན་བྱོལ་བའི་གཞན་བརྟེན་གྱི་ཁོར་ཡུག་ཆུང་ཆུང་འདིའི་ནང་དུ་ཧ་ཅང་གི་གསར་གཏོད་རྒྱ་ཆེན་པོ་ཞིག་བྱེད་ཡུལ་མེད་པ་དེ་གསལ་པོ་རེད་ལ། ད་ལྟའི་གནས་སྟངས་དེའི་འོག་ཏུ་གསར་གཏོད་རྒྱ་ཆེན་པོ་ཞིག་བྱེད་ཐུབ་ཐབས་གཏན་ནས་མེད། རང་འགོ་རང་ཐོན་གྱི་ཐོག་ནས་བསམ་བློ་གཏོང་ས་དང་རེ་བ་རྒྱག་ས་ཆེན་པོ་ཞིག་ཡོད་ཀྱང། ཚིག་དེ་རང་ཁ་རང་གསོར་གྱུར་ཟིན་པའི་རྗེས་སུ་གནད་དོན་དེ་ཡང་རྒྱ་ཆེན་པོ་མིན་པའི་ཚོར་སྣང་རང་ཤུགས་ཀྱིས་སྤྲད་ཡོང་བ་ཞིག་རེད།

“རང་མགོ་རང་ཐོན་”ཞེས་པ་ནི་ཆེ་ས་ནས་རྒྱལ་ཁབ་དང། ཚོགས་པ། སྒྲིག་འཛུགས་སོགས་གང་ཐད་ནས་རང་མགོ་རང་གིས་ཐོན་པ་ཞིག་ཡོང་ཐུབ་དགོས་པ་དེ་གལ་ཧ་ཅང་ཆེ་ལ། ཆུང་ས་ནས་མི་སྒེར་ཞིག་ཡིན་ཡང་ཤེས་ཡོན་དང། དཔལ་འབྱོར་གང་ཐད་ནས་རང་འགོ་རང་གིས་ཐོན་པ་ཞིག་པ་ཞིག་དགོས་པ་དེ་ཧ་ཅང་གལ་གལ་ཆེན་པོོ་རེད། དེར་བརྟེན་རང་འགོ་རང་ཐོན་གྱི་ཚིག་དེ་འོས་པོ་དང་འཚམ་པོ་ཞིག་ཡིན་པ་མ་ཟད། དོན་གྱི་ཐོག་ནས་ཀྱང་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད། འོན་ཀྱང་”རང་ཁ་རང་གསོ་”ཞེས་པར་བསྒྱུར་ཟིན་པའི་རྗེས་སུ་ཚིག་དེ་ལ་རྒྱ་ཆེན་པོ་ཞིག་གོ་རྒྱུ་མེད་པ་མ་ཟད། དོན་གྱི་ཐོག་ནས་ཀྱང་ལྟོ་གྲོད་ཁོག་འགྲང་ཐུབ་པ་ཙམ་ལས་གཞན་མིན་པར་སེམས། ད་ལན་”སྲིད་སྐྱོང་ཁྱད་མཁས་ཚོང་པའི་གཟེངས་རྟགས་”ཞེས་པ་ཞིག་གནང་འཆར་ཡོད་པའི་གསལ་བསྒྲགས་གནང་འདུག འདི་ཡང་རང་ཁ་རང་གསོའི་ཆ་ཤས་གལ་ཆེན་པོ་ཞིག་ཡིན་ཚུལ་གསུངས་པ་ལ་བལྟས་ཀྱང། ཚིག་”རང་ཁ་རང་གསོ་”ནི་དོན་གྱིས་ཀྱང་”རང་ཁ་རང་གསོ་”ཙམ་ཡིན་པ་ར་སྤྲོད་བྱས་འདུག

རང་ཁ་རང་གསོ་ཙམ་ནི་ད་ལྟའི་དུས་འདིར་དེ་ཙམ་གྱི་གལ་གནད་ཆེན་པོ་ཞིག་མིན་ནའང། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཡོད་པའི་གཞན་བརྟེན་གྱི་བསམ་བློ་དེ་ལ་བལྟས་ན་དགོས་མཁོ་གཏན་ནས་མེད་པ་ཞིག་ཀྱང་མིན་སྲིད། གང་ལྟར་རང་ཁ་རང་གསོ་ལས། རང་འགོ་རང་ཐོན་ཞེས་པ་འདི་ཉིད་གཞི་རྒྱ་ཆེ་ཞིང་གལ་ཆེན་པོའང་རེད་སྙམ། གཙོ་ཆེ་ཤོས་ཤེས་ཡོན་དང་འཇོན་ཐང་ཅན་གྱི་མི་རབས་ཤིག་སྐྱེད་སྲིང་གི་ཐོག་ནས་གཞན་ལ་རེ་བ་མི་དགོས་པར་རང་འགོ་རང་གིས་ཐོན་ཐུབ་པ་ཞིག་དགོས་པ་དེ་གལ་ཆེ་ཤོས་དང། བཙན་བྱོལ་ནང་འབད་བརྩོན་བྱས་ཀྱང་བྱེད་ཐུབ་པའི་གནས་སྟངས་ཤིག་ཡོད་པ་རེད། ཕྱུག་བདག་དེ་ཚོ་ལ་གཟེངས་རྟགས་སྤྲད་ནས་བོད་པའི་སྤྱི་ཚོགས་ལ་དོན་དངོས་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་མེད་ཀྱང་ཐེ་ཚོམ་དུ་གྱུར་ཡོད་ལ། དངུལ་འབོར་ཡང་ལྟོས་ས་ལྟོས་འཇོག་གིས་ཆེན་པོ་རེད་འདུག རང་ཁ་རང་གསོ་ཙམ་གྱི་ཐོག་ནས་ད་ལྟའི་དུས་འདིར་དེ་ཙམ་གྱི་དཀའ་ངལ་མེད་པ་དང། ཚིག་དེ་དུས་ཚོད་དང་གནས་སྟངས་གང་ཐད་ནས་རན་འཚམ་ཞིག་ཀྱང་གཏན་ནས་མ་རེད།

བཀའ་ཤག་སྐབས་སྔོན་མས་ཀྱང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གི་ཚོང་པ་ཕྱུག་བདག་དེ་ཚོ་ལ་ཚོགས་པ་བཙུགས་པ་སོགས་མགོ་འདྲེན་བརྩེ་སྐྱོང་མང་པོ་གནང་སོང། ད་ལྟའི་བཀའ་ཤག་གིས་ཀྱང་མུ་མཐུད་དུ་དེ་ལྟར་གནང་རྒྱུ་ཙམ་དུ་མ་ཟད། དེ་ལས་རྒྱ་ཆེ་ཙམ་གནང་རྒྱུ་ཡིན་པ་དེ་གསལ་པོ་རེད་འདུག ཕྱོགས་གཅིག་ནས་གལ་ཆེན་པོ་ཡིན་སྲིད་རྒྱུ་རེད་དེ། ཕྱོགས་གཅིག་ནས་ཚོང་པ་ཕྱུག་པོ་དེ་ཚོ་རང་ཁ་རང་གསོ་བྱེད་ཐུབ་མཁན་ཡིན་པ་དང། ལྷག་པར་དུ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བོད་པ་ནང་ཁུལ་དུ་རོགས་རམ་དང་གཟིགས་སྐྱོང་བྱེད་རྒྱུའི་གོམས་གཤིས་དེ་ཧ་ཅང་དཀོན་པས། ཁོང་ཚོ་ལ་གཟེངས་རྟགས་དང་ངོས་འཛིན་རྒྱབ་སྐྱོར་བཅས་བྱས་ཀྱང། ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་དཀའ་ངལ་ཅན་དག་ལ་ཕན་ཐོགས་བྱེད་ཐུབ་མིན་དེ་ཡང་ཧ་ཅང་ཐེ་ཚོམ་ཡིན་པ་མ་ཟད། ཕལ་ཆེར་ཡོང་མི་སྲིད་པ་ལྟ་བུ་རེད། དེར་བརྟེན་ལས་འཆར་དེ་ནི་དེ་ཙམ་གྱི་གལ་གནད་ཆེན་པོ་ཞིག་མིན་པ་དང། དམིགས་ཡུལ་དང་རེ་བ་བཟང་པོ་ཞིག་ཡོད་སྲིད་ཀྱང་གྲུབ་འབྲས་བཟང་པོ་ཞིག་མི་ཡོང་བ་ནི་ཚོད་དཔག་བྱེད་ཐུབ་པ་ཞིག་རེད།

བཀའ་ཤག་གོང་མའི་སྐབས་ནས་བཟུང་མུ་མཐུད་རེ་བ་བཟང་ས་ནས་བརྒྱབ་སྟེ་དཔེར་ན་གསར་འབྱོར་ཡོང་མཁན་ཧ་ཅང་དཀོན་པོ་ཆགས་པའི་སྐབས་སུ་སྣེ་ལེན་ཁང་རྒྱ་ཆེན་པོ་གསར་རྒྱག་གནང་བ་དང། ད་ལྟའི་བཀའ་ཤག་གིས་ཆབ་སྲིད་བཙོན་པ་ཕལ་ཆེ་བ་རྫོགས་འགྲོ་བའི་སྐབས་སུ་བཞུགས་ཤག་གསར་རྒྱག་གནང་བ། སྔོན་མ་གསར་འབྱོར་མང་བའི་སྐབས་སུ་གསར་འབྱོར་དང་འབྲེལ་བའི་ལས་འཆར་གང་ཡང་མེད་ཀྱང། གསར་འབྱོར་བ་དཀོན་ནས་དཀོན་དུ་འགྲོ་སྐབས་སྡོད་ཁང་གི་མཐུན་རྐྱེན་བསྐྲུན་འཆར་སོགས་ཀྱི་ཀུན་སློང་དང་དམིགས་ཡུལ་གང་ཐད་ནས་བསྔགས་བརྗོད་ཀྱི་རང་བཞིན་ཁོ་ན་ཡིན་ཡང། ལས་གཞི་མང་པོ་ཞིག་གནད་དུ་སྨིན་ཡོད་མེད་ཀྱང་བཤད་ཚོད་ཐིག་དཀའ་བ་ཞིག་ཏུ་གྱུར་ཡོད། སྤྱིར་མ་འོངས་པ་ལ་གོ་རིམ་མེད་ཅེས་པ་ལྟར་ལས་འཆར་གྱི་རྣམ་གྲངས་འདི་དག་གལ་ཆེན་པོ་དང། དགོས་ངེས་ཤིག་ཏུ་འགྱུར་མི་སྲིད་པའང་གཏན་ནས་མིན་པས། བོད་ནས་གསར་དུ་འབྱོར་བ་རྣམས་ཀྱི་ཆེད་དུ་དགོངས་བཞེས་གནང་བ་ཙམ་གྱིས་བཀའ་དྲིན་ཆེན་པོ་ཡིན་པ་ནི་སྨྲོས་མི་དགོས་པ་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།