སྲིད་སྐྱོང་གིས་བོད་དོན་ཚོགས་འདུར་གསུང་བཤད་གནང་འདུག
ཟླ་༡ པོའི་ཚེས་༤ ཉིན་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་ས་གནས་ཚོགས་གཙོ་ལྕམ་སྐུ་རུ་བྷེ་མུ་ཁར་ཇི་ཡིས། ཀོལ་ཀ་ཊར་ཉིན་གྲངས་གཅིག་རིང་རྒྱ་ནག་དམར་ཤོག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་བརྗོད་གཞི་གཞིར་བཞག་ཐོག ཚོགས་འདུ་ཞིག་གོ་སྒྲིག་གནང་བ་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ཚོགས་འདུ་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད་འདུག
སྐབས་དེར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་ཡིས། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་ཤོག་གཞུང་གིས་བཙན་དབང་ཐོག་ནས་བོད་ས་ཡོངས་རྫོགས་དབང་བསྒྱུར་བྱས་རྗེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་བོད་མི་རྣམས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང་། ཆབ་སྲིད་དང་ཁོར་ཡུག་ཐོག་ནས་བོད་ཀྱི་གནད་དོན་དེ་རྒྱ་གར་ལ་ཇི་ལྟར་གལ་གནད་ཆེ་ཚུལ་སོགས་ཀྱི་སྐོར་དང་། རྒྱ་གར་བ་གང་མང་བོད་མིའི་བདེན་པའི་འཐབ་རྩོད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་དགོས་པའི་འབོད་སྐུལ་གནང་ཡོད་འདུག
མཛད་སྒོའི་ཐོག་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བའི་སྐོར་གྱི་དངོས་བྱུང་གློག་བརྙན་ཁག་གཉིས་གཟིགས་འབུལ་ཞུས་འདུག
སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས།དུས་རབས་བདུན་པ་ནས་བརྒྱད་པ་བར་གྱི་བོད་ཀྱི་ལོ་རྒྱུས་དང་འབྲེལ་ནས་འཕགས་བོད་གཉིས་དབར་བླ་སློབ་ཀྱི་འབྲེལ་བ་བྱུང་ཡོད་པ། རྒྱ་གར་ནས་བོད་ལ་ནང་པ་སངས་རྒྱས་པའི་ཆོས་ལུགས་དར་ཚུལ་སོགས་ཀྱི་སྐོར། རྒྱ་ནག་གཞུང་གིས་བཙན་དབང་གིས་བོད་ནང་བོད་པའི་ཕྲུ་གུ་བརྒྱ་ཆ་༨༠ ཙམ་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཏང་སྟེ་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་བཞིན་ཡོད་པ་མ་ཟད། ཆབ་སྲིད་ཀྱི་སློབ་གསོ་དེ་བརྒྱུད་བོད་པའི་ངོ་བོའི་རྩ་བ་སྟེ་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་སྲོལ་གོམས་གཤིས་སོགས་རྩ་གཏོར་དུ་གཏོང་བཞིན་པའི་སྐོར་དང་། རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་སུ་རིགས་རྫས་ (DNA) ཞེས་པའི་གནས་ཚུལ་བསྡུ་རུབ་བྱེད་བཞིན་པ། བོད་ནང་ཆུ་མཛོད་ཚད་ལས་བརྒལ་བ་བརྒྱབ་སྟེ་བོད་ཀྱི་གཙང་པོ་ཆེ་ཁག་རྣམས་ཀྱི་ཁ་ཕྱོགས་སྒྱུར་བཞིན་པ་ལ་བརྟེན་ནས་བོད་ཀྱི་ཁྱིམ་མཚེས་རྒྱ་གར་གྱིས་གཙོས་ཨེ་ཤི་ཡའི་རྒྱལ་ཁབ་མང་པོར་ཆུའི་དཀའ་ངལ་འཕྲད་རྒྱུའི་ཉེན་ཁ་དང་། རྒྱ་ནག་གཞུང་གིས་ཡར་ཀླུངས་གཙང་པོའི་ཁུལ་དུ་ཆུ་མཛོད་ཆེན་པོ་བསྐྲུན་པར་བརྟེན་ཕྱི་ལོ་ ༢༠༡༨ ལོར་ཡར་ཀླུངས་གཙང་པོ་དེ་བཞིན་ཆུ་རྙོག་ཅན་དུ་གྱུར་ཡོད་པ་དོ་སྣང་བྱུང་ཡོད་པ་སོགས་ཀྱི་སྐོར་། དེ་བཞིན་རྒྱ་གར་གཞུང་མང་གཉིས་ཀྱིས་གཏོང་ཕོད་ཆེན་པོའི་སྒོ་ནས་བོད་མིར་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད་འདུག
ཚོགས་འདུའི་ཐོག་རྒྱ་གར་གྱི་གསར་ཁང་ཁག་ཅིག་གི་རྩོམ་སྒྲིག་པ་དང་། རྩོམ་པ་པོ། ཤེས་ལྡན་མི་སྣ་ཁག་གཅིག་གིས་ཀྱང་གསུང་བཤད་གནང་ཡོད་པ་རེད་འདུག
ཚོགས་འདུ་དབུ་འབྱེད་གྲོལ་རྗེས་སྲིད་སྐྱོང་གིས་རྒྱ་གར་གྱི་གསར་ཁང་ཁག་གི་གསར་འགོད་པ་རྣམས་ཀྱི་བཅར་འདྲི་ལ་དང་ལེན་དང་། དེ་བཞིན་ས་གནས་བོད་མི་རྣམས་དང་ལྷན་དུ་གླེང་མོལ་གནང་ཡོད་འདུག
ཐེངས་འདིའི་ཚོགས་འདུར་ས་གནས་རྒྱ་གར་བ་དང་བོད་མི། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་སློབ་ཕྲུག་སོགས་ཁྱོན་བསྡོམས་མི་གྲངས་ ༣༠༠ ལྷག་མཉམ་ཞུགས་གནང་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།