སྲིད་སྐྱོང་གིས་ཡུ་རོབ་ཁུལ་དུ་གཞུང་དོན་ཕྱོགས་ཕེབས་གནང་བ། 

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཕྱིའི་རྒྱལ་ཁབ་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་དང་པོ་དེ་ཡུ་རོབ་ཁུལ་དུ་གནང་བཞིན་ཡོད་པ་དང་། དུས་ཡུན་དེའི་རིང་གནད་ཡོད་མི་སྣ་མཇལ་འཕྲད་དང་ཚོགས་འདུ་གལ་ཆེན་ཁག་ཅིག་ནང་གཏམ་བཤད་གནང་འཆར་ཡོད་པ་རེད་འདུག 

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཕྱིའི་རྒྱལ་ཁབ་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་དང་པོ་དེ་ཡུ་རོབ་ཁུལ་དུ་གནང་བཞིན་ཡོད་པ་དང་། དུས་ཡུན་དེའི་རིང་གནད་ཡོད་མི་སྣ་མཇལ་འཕྲད་དང་ཚོགས་འདུ་གལ་ཆེན་ཁག་ཅིག་ནང་གཏམ་བཤད་གནང་འཆར་ཡོད་པ་རེད་འདུག 


ཟླ་༡༠ པའི་ཚེས་༢༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ཡུ་རོབ་ཨི་ཊ་ལིའི་རང་སྐྱོང་མངའ་ཁུལ་ལྷོ་ཊི་རོལ་གྱི་ཡུ་རོབ་ཤེས་ཡོན་ཉམས་ཞིབ་བསྟི་གནང་ཁང་དུ་ཕེབས་ནས། ཚོགས་གཙོ་སྐུ་ཞབས་རོ་ལན་ཌི་གཙོས་ཉམས་ཞིབ་པ་སོགས་དང་ཐུག་འཕྲད་གནང་སྟེ་བོད་དོན་སྐོར་དང་། དེ་བཞིན་སྐབས་༡༦ པའི་བཀའ་ཤག་གིས་འཛིན་བཞིན་པའི་སྲིད་བྱུས་སྤྱི་དང་། ལྷག་པར་བོད་རྒྱའི་དཀའ་རྙོག་སེལ་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་རྒྱ་གཉིས་སྨན་གྱི་ཐབས་ལམ་སོགས་ཀྱི་གནད་དོན་སྐོར་གོ་བསྡུར་གནང་ཡོད་འདུག 

ཚེས་༢༨ ཉིན་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་གྱི་རྒྱལ་ས་བྷོལ་ཛ་ནོ་རུ་སྲིད་འཛིན་ཨར་ནོ་དང་ཐུག་འཕྲད་གནང་འདུག་པ་དང་། དེའི་རྗེས་སུ་ཨི་ཊ་ལིའི་བྱང་ཕྱོགས་སུ་རྟེན་གཞི་བྱས་པའི་ཏེ་རན་ཏི་ནོ་རང་སྐྱོང་མངའ་ཁུལ་དུ་ཕེབས་ནས། ཁུལ་དེའི་སྤྱི་ཁྱབ་གཞོན་པ་རོ་བྷར་ཌོ་དང་ཐུག་འཕྲད་གནང་ཡོད་འདུག སྐབས་དེར་སྲིད་སྐྱོང་གིས་གྲོང་སྡེའི་སྤྱི་ཁྱབ་པ་མཆོག་མགྱོགས་མྱུར་དྲག་བསྐྱེད་ཡོང་བའི་རེ་བ་ཡོད། འཛམ་གླིང་མིའི་ཤ་མདོག་དང་གཟུགས་པོའི་དབྱིབས་ཕྲན་བུ་མི་འདྲ་བ་མ་གཏོགས་མི་ཡིན་པ་གཅིག་མཚུངས་རེད། ཁྱེད་རང་ཚོ་ནང་བཞིན་བསམ་བློ་གུ་ཡངས་པོ་དང་། ལྷག་པར་དཀའ་ངལ་ཡོད་མཁན་དང་མཉམ་དུ་འབྲེལ་བ་བཟོས་ཏེ་དཀའ་ངལ་སེལ་རྒྱུ་དེ་དག་ལ་རྒྱབ་སྐྱོར་གནང་ཐུབ་པ་ཡིན་ན་རྙོག་གྲ་ཡོང་དགོས་རྒྱུ་གང་ཡང་མེད། རྒྱ་ནག་ལྟ་བུར་ཆ་བཞག་པ་ཡིན་ན། ལུང་པ་ཆེན་པོ་རེད། འོན་ཀྱང་བོད་དང་ཡུ་གུར། སོག་པོ་བཅས་དབང་བསྒྱུར་བྱས་པ་དེས་འདོད་པ་མ་ཁེངས་པར་ལྷོ་རྒྱ་ནག་རྒྱ་མཚོ་དང་། ཐའེ་ཝན། རྒྱ་གར་བཅས་ལ་རྙོག་གྲ་ཤོད་བཞིན་ཡོད། ཁ་ནས་སྤྱི་ཚོགས་མཐུན་ལམ་དགོས་པ་རེད་ཅེས་ཤོད་ཀྱི་ཡོད་པ་རེད། འོན་ཀྱང་ཁ་ནས་བཤད་པ་དང་ལས་ཀ་བྱེད་རྒྱུ་གཉིས་མཐུན་གྱི་མེད། འཛམ་གླིང་གིས་རོགས་པ་བྱས་ཏེ་རྒྱ་ནག་སྟོབས་ཆེན་ཆགས་པ་རེད། རྒྱ་ནག་གཅིག་པུས་དེ་ལྟར་ཆགས་ཐུབ་ཐབས་མེད། རོགས་བྱེད་མཁན་དེ་དག་ལའང་ཁ་གཏད་གཅོག་བཞིན་ཡོད། དེ་ལྟར་བྱེད་པ་ཡིན་ན་མཐུན་ལམ་ཡོང་ཐབས་མེད། གཞུང་ཟེར་མཁན་དེ་གཞུང་འཛིན་མཁན་གྱིས་གཞུང་སྐྱོང་སའི་མི་མང་དེ་དག་གི་བདེ་བ་དང་སྡུག་བསྔལ་ལ་ལྟ་དགོས།  དཔེར་ན་ཨི་ཊ་ལཱི་དབུས་གཞུང་དང་ས་གནས་མི་མང་གི་འདོད་པ་བྱུང་བ་ཡིན་ན། ཆབ་སྲིད་ཀྱི་དཀའ་ངལ་ཇི་འདྲ་ཞིག་ཡོད་པ་ཡིན་ནའང་ཕར་ཚུར་སྐད་ཆ་བཤད་ནས་རང་སྐྱོང་གི་གནས་བབ་ཐོག་ནས་དབུས་གཞུང་གི་འགྲིག་པ་དང་ས་གནས་གཞུང་གི་འགྲིག་པ། མི་མང་ཚང་མ་སྐྱིད་པོ་ཡོད་པ་དེ་དཔེ་མཚོན་ཏག་ཏག་ཅིག་ཆགས་ཡོད། ཁྱེད་རང་ཚོར་ལོ་རྒྱུས་ཀྱི་ཐོག་ནས་དཀའ་ངལ་འཕྲད་ཡོད། ད་ལྟའི་དུས་སུ་རང་དབང་དང་བདེ་སྐྱིད་ངང་གནས་ཡོད། དེ་རིང་ངས་སྐད་ཆ་བཤད་པ་ཡིན་ན་འཛིན་བཟུང་བྱེད་ཀྱི་རེད་སྙམ་པ་དང་སང་ཉིན་ངས་ལས་ཀ་གཞན་ཞིག་བྱེད་པ་ཡིན་ན་བཙོན་ཁང་ནང་བཅུག་གི་རེད་བསམ་པའི་སེམས་ཁྲལ་མེད། རྒྱ་ནག་གཞུང་ལྟ་བུ་ཡིན་ན་རྒྱལ་ནང་སྲུང་སྐྱོབ་དང་། ཕྱིའི་སྲུང་སྐྱོབ་ཆེད་དུ་འགྲོ་སོང་མང་བ་གཏོང་བཞིན་ཡོད། དེས་གཞུང་འཛིན་མཁན་དང་གཞུང་ཕན་ཚུན་དབར་ཡིད་ཆེས་མེད་པའི་རྣམ་པ་སྟོན་གྱི་ཡོད་ཅེས་གསུངས་འདུག 

བོད་ནང་གི་གནས་སྟངས་སྐོར་སྲིད་སྐྱོང་གིས་འགྲེལ་བརྗོད་གནང་དོན། ད་ལྟའི་དུས་སུ་བོད་ནང་ཆ་བཞག་ན་སོ་སོའི་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུ་མེད། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དང་ཆོས་མེད་པ་བཟོ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་རེད། འཛམ་གླིང་འདིའི་སྟེང་བོད་མིའི་ངོ་བོ་རྩ་མེད་གཏོང་རྒྱུའི་སྲིད་བྱུས་འཛིན་བཞིན་ཡོད། བོད་པའི་རིག་གཞུང་གིས་འཛམ་གླིང་ནང་ཞི་བདེ་སྤེལ་རྒྱུའི་ནུས་པ་ཡག་པོ་ཞིག་ཡོད་པ་རེད། བྱམས་དང་སྙིང་རྗེའི་གཞི་རིམ་ལྟ་གྲུབ་ཁྱེར་ཏེ་རྨང་གཞི་ཡག་པོ་ཞིག་ཡོད་སྟབས། འདིས་འཛམ་གླིང་ལ་ཕན་ཐོགས་ཐུབ་པའི་གཞི་རྩ་ཞིག་ཆགས་ཀྱི་ཡོད། དེ་དག་སྲུང་སྐྱོབ་བྱེད་རྒྱུའི་ལས་འགན་ང་ཚོར་ཡོད། ད་ལྟའི་དུས་སུ་བོད་ནང་ཡོད་པའི་བོད་མི་ཞིག་གིས་གནས་ཚུལ་ཕྱི་ལ་བཏང་བ་ཙམ་གྱིས་བཙོན་ཁང་ནང་འཇུག་གི་ཡོད། གང་ལྟར་སྨྲ་བརྗོད་རང་དབང་དང་འགྲོ་བསྐྱོད་ཀྱི་རང་དབང་མེད་པའི་འོག་གནས་བཞིན་ཡོད་པར་བརྟེན་ཁྱེད་རང་ཚོས་རྒྱབ་སྐྱོར་གྱི་རྣམ་པ་སྟོན་པ་འདི་ང་ཚོས་བཀའ་དྲིན་ཆེན་པོར་བརྩི་བཞིན་ཡོད། ང་ཚོར་དཀའ་ངལ་གདོང་ལེན་བྱེད་དགོས་པ་མང་པོ་ཡོད། འོན་ཀྱང་ག་དུས་ཡིན་ནའང་དཀའ་སེལ་རྒྱུ་ནི་སྐད་ཆ་བཤད་ནས་ཕན་ཚུར་གོ་བརྡ་སྤྲད་ནས་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་བྱེད་རྒྱུ་ནི་ང་ཚོའི་འཐབ་རྩོད་ཀྱི་རྨང་གཞི་རེད། དེར་བརྟེན་རང་དབང་དང་དྲང་བདེན་ལ་དགའ་མཁན། འགྲོ་བ་མིའི་ཐོབ་ཐང་ལ་དགའ་མཁན་ཚང་མས་ནུས་པ་མཉམ་དུ་སྤུངས་པ་ཡིན་ན། ང་ཚོ་ཙམ་དུ་མ་ཟད་འཛམ་གླིང་ནང་དཀའ་ངལ་འཕྲད་བཞིན་པའི་མི་རིགས་དང་ལུང་པ་བཅས་ལ་ཐུགས་ཕན་ཏན་ཏན་སོས་ཀྱི་རེད། རྣམ་པ་ཚོའི་གཞུང་ལ་ཐུགས་རྗེ་ཆེ་ཞེས་ཞུ་བཞིན་ཡོད། དེ་བཞིན་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་གནང་མཁན་ཡོངས་ལ་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞེས་ཞུ་བཞིན་ཡོད་ཅེས་གསུངས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།