སྲིད་སྐྱོང་དང་བོད་པའི་ལས་དབང།

བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་མི་མང་གིས་ཐད་ཀར་བཀའ་བློན་ཁྲི་པ་འོས་འདེམས་བྱས་པ་ནས་བཟུང། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དོ་སྣང་གསར་པ་ཞིག་སླེབས་ནས་འོས་ཤོག་འདོན་པ་དང། རྒྱབ་སྐྱོར་དང་དགག་བྱ་བྱེད་པ་སོགས་གནས་ཚུལ་མང་པོ་བྱུང་ཡོད་ལ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༤༦   ཕྱི་ལོ་ ༢༠༡༥/༦/༡༠
བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་མི་མང་གིས་ཐད་ཀར་བཀའ་བློན་ཁྲི་པ་འོས་འདེམས་བྱས་པ་ནས་བཟུང། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དོ་སྣང་གསར་པ་ཞིག་སླེབས་ནས་འོས་ཤོག་འདོན་པ་དང། རྒྱབ་སྐྱོར་དང་དགག་བྱ་བྱེད་པ་སོགས་གནས་ཚུལ་མང་པོ་བྱུང་ཡོད་ལ། ལྷག་པར་དུ་མཁས་དབང་ཟམ་གདོང་རིན་པོ་ཆེས་བཀའ་བློན་ཁྲི་པའི་ཐུགས་འགན་ཐེངས་གཉིས་བཞེས་ཟིན་པའི་མཚམས་དེར་འགྲན་རྩོད་ཆེན་པོ་བྱུང་ཡོད་པ་སོགས་ནི། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་མང་གཙོའི་ལམ་བུར་བསྐྱོད་རྒྱུར་ཡར་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཏུ་གྱུར་ཡོད། ད་ལྟའི་ཆར་བཀའ་བློན་ཁྲི་པའི་མཚན་དེ་སྲིད་སྐྱོང་དུ་བསྒྱུར་ཟིན་པ་དང། ལོ་འདི་ནས་བཟུང་སྲིད་སྐྱོང་གི་འོས་གཞིའི་ཁྲོད་འགྲན་བསྡུར་གྱི་རྣམ་པ་ཞིག་ད་ལྟ་ནས་འགོ་བཙུགས་ཡོང་གི་ཡོད་པ་རེད། འདི་ཡང་བཙན་བྱོལ་བོད་པའི་མང་གཙོ་ཡར་རྒྱས་ཀྱི་རྣམ་པ་ཞིག་ཏུ་གྱུར་ཡོད་པ་དང། བོད་པའི་རྩ་དོན་ལ་འགན་འཁུར་རྒྱུའི་གདེང་ཚོད་དང་སྤོབས་པ་ཅན་མང་པོ་ཞིག་སླེབས་ཡོང་བ་དེ་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་བཤད་ན་རྒྱལ་ཁ་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་ཆོག

འོན་ཀྱང་སྲིད་སྐྱོང་སུ་འདྲ་ཞིག་སླེབས་ཀྱང་རུང་རྒྱ་ནག་གཞུང་ལ་ཁ་གཏད་ཀྱི་ཐོག་ནས་ངོ་རྒོལ་བྱེད་ཐུབ་མཁན་ཞིག་ཧ་ཅང་དཀོན་ལ། སྲིད་སྐྱོང་གང་ཞིག་ལ་འཇོན་ཐང་དང་ནུས་པ་ག་ཚོད་ཡོད་ནའང་བོད་དོན་ཐག་གཅོད་བྱེད་དང་མི་བྱེད་དེ་རྒྱ་ནག་གཞུང་ཁོ་ནའི་ལག་ཏུ་ཡོད་པ་ལས། བོད་པའི་སྲིད་སྐྱོང་ངམ་ཆབ་སྲིད་ཀྱི་འགོ་ཁྲིད་དེའི་འཇོན་ཐང་དང་ནུས་པ་ལ་རག་ལས་པ་ཞིག་ཏུ་གྱུར་མེད། དེར་བརྟེན་གནད་དོན་དེའི་ཐོག་ནས་སྲིད་སྐྱོང་དང་བོད་ཀྱི་ལས་དབང་གཉིས་ལ་དེ་ཙམ་གྱི་འབྲེལ་བ་ཆེན་པོ་ཞིག་མེད་པ་ལྟ་བུར་གྱུར་ཡོད་ཅེས་བརྗོད་ཀྱང་ཕྱོགས་གཅིག་ནས་མི་འགྲིག་པ་མེད། གཙོ་ཆེ་ཤོས་སྲིད་སྐྱོང་སུ་སླེབས་ནའང་བོད་ཕྱི་ནང་གཉིས་ཀྱི་གཅིག་སྒྲིལ་གྱི་ནུས་ཤུགས་ཉམས་གུད་དུ་མི་འགྲོ་བ་ཞིག་དང། བོད་མི་ན་གཞོན་རྣམས་བོད་དོན་འཐབ་རྩོད་དང་ཁ་ཐག་ཉེ་རུ་འགྲོ་བའི་ཐོག་ཤེས་ཡོན་དང་འཇོན་ཐང་ཅན་གྱི་མི་རབས་གསར་པ་ཞིག་སྐྱེད་སྲིང་བྱེད་པར་ནུས་པ་འདོན་རྒྱུའི་ཁོར་ཡུག་རྒྱ་ཆེན་པོ་ཡོད་པས། གོ་སྐབས་དེ་འཐུས་ཤོར་བཏང་ན་སྲིད་སྐྱོང་དེས་གང་ཡང་མ་འཇོན་པ་རེད།

དེ་བཞིན་བོད་ནང་གི་ཛ་དྲག་དཀའ་ངལ་སེལ་ཆེད་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་འཚོལ་ཐབས་དང། བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་བདེ་སྡུག་དང་འཚོ་བའི་ཁོར་ཡུག་ཡག་ཏུ་གཏོང་ཐབས་སོགས་ཀྱི་ཐོག་ནས་ནུས་པ་འདོན་རྒྱུའི་གོ་སྐབས་འཚོལ་དགོས་པ་དེ་སྲིད་སྐྱོང་སུ་སླེབས་ནའང་འགན་ཁུར་གཙོ་བོ་རེད། གཞན་རྒྱ་གཞུང་གི་ཆབ་སྲིད་ཀྱི་གནས་སྟངས་ལ་འགྱུར་བ་གཏོང་ཐུབ་མཁན་གྱི་སྲིད་སྐྱོང་ཞིག་སླེབས་མི་སྲིད་པ་མ་ཟད། བཙན་བྱོལ་བོད་པའི་ཆབ་སྲིད་ཀྱི་གནས་སྟངས་དངོས་ལ་འགྱུར་བ་གཏོང་ཐུབ་མཁན་གྱི་སྲིད་སྐྱོང་ཞིག་སླེབས་རྒྱུར་ཡང་རེ་བ་གཏན་ནས་རྒྱག་མི་འོས་པ་ལྟ་བུར་གྱུར་ཡོད་ཅེས་བརྗོད་ཆོག དེར་བརྟེན་བོད་མི་རྣམས་སྐྱབས་བཅོལ་གྱི་ངོ་བོར་གནས་ཡོད་སྟབས། ཕྱོགས་གང་ཐད་ནས་བྱེད་ཆོག་ཆོག་ཅིག་གང་ཡང་མེད། ལྡོག་ཕྱོགས་ནས་ཤུགས་རྐྱེན་སླེབས་ཏེ་བོད་པའི་གཅིག་སྒྲིལ་གྱི་ནུས་པ་ད་ལྟའི་ཆར་ཡང་ཉམས་གུད་དུ་འགྲོ་བཞིན་ཡོད་པ་དང། མ་འོངས་པར་ཡང་མུ་མཐུད་ཉམས་གུད་དུ་སོང་ན་ཡུན་རིང་མི་འགོར་བར་བོད་དོན་འཐབ་རྩོད་དེ་ཡང་མིང་ཙམ་ལས་དོན་གྱིས་འཆི་རྒྱུ་ཉག་གཅིག་ལས་མ་འདས།

ད་ལྟའི་སྒྲིག་འཛུགས་འདི་ཉིད་མུ་མཐུད་དུ་གནས་དགོས་པ་དང། བཙན་བྱོལ་བོད་པའི་ངོ་བོ་ཡང་མུ་མཐུད་དུ་གནས་དགོས་པ་ཆབ་སྲིད་ཀྱི་ཐོག་ནས་ཧ་ཅང་གལ་ཆེ་བས། སྐྱབས་བཅོལ་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་དེ་ཡང་བོད་མི་སྐྱབས་བཅོལ་བ་ཞིག་ངེས་པར་དུ་ཡིན་དགོས། ཨ་རི་དང། རྒྱ་གར། ཡུ་རོབ་སོགས་རྒྱལ་ཁབ་གཞན་གྱི་མི་སེར་དུ་གྱུར་ཟིན་པ་ཞིག་སྐྱབས་བཅོལ་བོད་མིའི་འགོ་ཁྲིད་དུ་གྱུར་སོང་ན། དངོས་ཡོད་གནས་ཚུལ་གྱི་ཐོག་ནས་བོད་པ་སྐྱབས་བཅོལ་བའི་གནས་སྟངས་དང་འོས་འཚམ་ཞིག་གཏན་ནས་མིན་ལ། འཐབ་རྩོད་ཀྱི་གནས་བབས་ཐོག་ནས་ཀྱང་ཏག་ཏག་ཅིག་བསྡད་མེད་པ་གསལ་པོ་རེད། དེར་བརྟེན་གནད་དོན་འདིའི་ཐོག་ལ་བོད་མི་སྐྱབས་བཅོལ་བ་རྣམས་ཀྱིས་བསམ་བློ་ཡག་པོ་ཞིག་གཏོང་དགོས་པ་དེ་གལ་ཆེ་ཤོས་སུ་གྱུར་ཡོད། མ་འོངས་པར་སྲིད་སྐྱོང་གིས་དབུས་པའི་བཀའ་བློན་རྣམ་པ་དང། སྤྱི་འཐུས་རྣམ་པ་སོགས་འགོ་ཁྲིད་ཚང་མ་རྒྱལ་ཁབ་གཞན་གྱི་མི་སེར་འབའ་ཞིག་ཏུ་གྱུར་སོང་ན། བོད་དོན་འཐབ་རྩོད་ཀྱི་ཐོག་ནས་འགྲེལ་བཤད་རྒྱག་དཀའ་བ་ཞིག་ཏུ་གྱུར་པ་རེད།

མདོར་ན་གོང་དུ་བརྗོད་པ་བཞིན་བོད་རྒྱའི་གནད་དོན་ཐག་གཅོད་བྱ་རྒྱུར་ནུས་པ་ཡོད་པའི་མི་ཞིག་སླེབས་དཀའ་ནའང། ཁ་འཐོར་དུ་འགྱུར་བཞིན་པའི་བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་ཉིད་གཅིག་སྒྲིལ་གྱི་ངོ་བོར་གནས་ཐུབ་པ་དང། རྒྱ་མཚོ་ཆེན་པའི་ནང་དུ་ཉ་གཅོང་ཆུ་སྲིན་སྦལ་སྦྲུལ་ཚང་མ་གནས་ཐུབ་པ་བཞིན། བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་ཡང་མང་གཙོའི་ལམ་བུར་བསྐྱོད་བཞིན་པའི་གནས་སྟངས་ཐོག་ནས་བསམ་ཚུལ་དང་ལངས་ཕྱོགས་མི་མཐུན་པ་མང་པོ་ཡོད་ཆོག་པ་དང། ཡོད་དགོས་པ་ཞིག་ཡིན་ཡང་འགག་ལ་ཐུག་དུས་གཅིག་སྒྲིལ་གྱི་ངོ་བོ་མ་བརླགས་པའི་ཐོག་ནས་སྣེ་ཁྲིད་ཐུབ་མཁན་ཞིག་བྱུང་ན། སྲིད་སྐྱོང་དང་བོད་པའི་ལས་དབང་གི་བར་ལ་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཏུ་གྱུར་པ་རེད། དེ་ལྟར་མ་ཡིན་པར་གཞིས་བྱེས་གཉིས་དང། བཙན་བྱོལ་བོད་མི་ནང་ཁུལ་དུའང་རྡོག་རྩ་གཅིག་སྒྲིལ་མེད་པར་ཁ་འཐོར་དགུ་འཐོར་དུ་བསྒྱུར་སོང་ན། སྲིད་སྐྱོང་དུ་སུ་སླེབས་ཀྱང་སྲིད་སྐྱོང་རྒྱུའི་ཚབ་ཏུ་སྲིད་གཏོར་མཁན་ཞིག་ཏུ་འགྱུར་ངེས་པ་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།