སྲིད་སྐྱོང་དང་སྤྱི་འཐུས་འོས་འདེམས་ལས་འཕྲོས་པའི་གཏམ།

ཕྱི་ལོ་༢༠༡༦ལོར་སྲིད་སྐྱོང་དང་སྤྱི་འཐུས་འོས་མིར་བཞེངས་མཁན་ནི་དབྱར་གྱི་ཤ་མོང་རྡོལ་བ་ནང་བཞིན་འགྱུར་བཞིན་འདུག་ན། དེ་ནི་ཧ་ཅང་དགའ་སྤྲོའི་འོས་པའི་གནས་སྟངས་ཤིག་ལ་ང་རང་གིས་ངོས་འཛིན་ཞུ་བཞིན་ཡོད་ཅིང་།

ཕྱི་ལོ་༢༠༡༦ལོར་སྲིད་སྐྱོང་དང་སྤྱི་འཐུས་འོས་མིར་བཞེངས་མཁན་ནི་དབྱར་གྱི་ཤ་མོང་རྡོལ་བ་ནང་བཞིན་འགྱུར་བཞིན་འདུག་ན། དེ་ནི་ཧ་ཅང་དགའ་སྤྲོའི་འོས་པའི་གནས་སྟངས་ཤིག་ལ་ང་རང་གིས་ངོས་འཛིན་ཞུ་བཞིན་ཡོད་ཅིང་། རྒྱུ་མཚན་ནི་ད་ལྟ་ང་ཚོ་གཞན་ཡུལ་ལ་ས་ཆ་ལག་མཐིལ་ཙམ་ཞིག་མེད་ལ།  རྒྱལ་ཁབ་གཞན་གྱི་འགོ་ཁྲིད་ལྟར་ཐོབ་ཐང་ཡང་མེད། ལས་དོན་གང་འདྲ་ཞིག་བྱེད་དགོས་ནའང་གཞན་དབང་སྟབས་བསྟུན་འོག་ལ་བྱེད་དགོས་པ་རེད། སོ་སོའི་གང་བསམ་བྱེད་སའི་ཁོར་ཡུག་ཅིག་དེ་ལས་ཀྱང་མེད་ཅིང་། དེ་འདྲའི་ཁོར་ཡུག་ཅིག་གི་འོག་ནས་བོད་མི་རིགས་ལ་ཞབས་ཞུ་བསྒྲུབ་བསམ་པའི་ཀུན་སློང་ཞིག་འཁྱེར་ཏེ་བཞེངས་པ་དེ་ནི་དགའ་འོས་པའི་གནས་སྟངས་ཤིག་ལོས་ཡིན་སྙམ།

༸རྒྱལ་བ་རིན་པོ་ཆེའི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་དམངས་ཀྱི་འོས་འདེམས་བྱས་པའི་འགོ་ཁྲིད་ཀྱི་ལག་ཏུ་རྩིས་སྤྲོད་གནང་ནས་མི་ལོ་བཞི་ལྷག་སོང་ཞིང་། དུས་ཡུན་དེའི་རིང་ལ་བོད་ཀྱི་ཆབ་སྲིད་བརྟན་ལྷིང་རྒྱུན་གནས་ཐུབ་པར་བྱུང་བ་དེ་ནི་ང་ཚོ་ཚང་མའི་དགའ་སྤྲོ་འོས་པའི་གནས་སྟངས་ཤིག་ཏུ་གྱུར་འོས་པ་དེ་རེད། ༸རྒྱལ་བ་རིན་པོ་ཆེའི་ང་མེད་པ་ནང་བཞིན་ལས་དོན་བསྒྲུབ་དགོསཔའི་བཀའ་སློབ་ལམ་སྟོན་གནང་བའི་སྐུ་དྲིན་ཞིག་ཀྱང་ལོས་ཡིན་སྙམ། ལྷག་པར་རྒྱ་དམར་སྲིད་གཞུང་གི་ཏཱ་ལའི་བླ་མ་མ་བཞུགས་པའི་ཉིན་མོ་དེ་ནས་བོད་ཀྱི་ཆབ་སྲིད་ཉིན་མོ་དེ་ནས་མེད་པར་འགྱུར་གྱི་རེད་སྙམ་པའི་རེ་སྟོང་བཅངས་ཀྱི་ཡོད་པ་དེར་ལན་འདེབས་ཀྱི་འགྲམ་ལྕག་ཚ་བོ་ཞིག་རྒྱ་དམར་གྱི་འགོ་ཁྲིད་ཚོ་ལ་གཞུས་པ་དང་། ལྷག་པར་དེང་སྐབས་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ཧ་ཅང་གི་འཁྲུགས་ཆ་འདོད་པོ་ཞིག་ཏུ་འགྱུར་འདུག།

དེ་ཡང་སོ་སོའི་ངོ་དེབ་དང་། དྲ་ལམ་ཁག  སྐད་འཕྲིན། ཐ་ན་ཟ་ཁང་དང་།  དྷ་སའི་རི་གྲོང་ཆུང་ཆུང་གི་སྐོར་ལམ་གཡས་གཡོན་ལ་ལས་མེད་སོས་དལ་ལ་གནས་མཁན་བགྲེས་སོང་འགས་བདེན་ཅོག་ཅོག་གིས་ད་ལྟའི་སྲིད་སྐྱོང་གི་འགྲིག་རབས་བརྗོད་དེ་སྲིད་སྐྱོང་ལ་ཁོང་འདེམས་དགོས་ཟེར་བ་དང་། ཡང་འགའ་ཤས་ཀྱིས་ཞལ་ལས་རྫིག་པོ་གསུང་པ་ལས་དོན་དམ་སྔོན་མའི་དམ་བཅའ་བཞག་པ་ནང་བཞིན་རྩ་དོན་ཁག་བསྒྲུབ་ཐུབ་མེད་ལུགས་བརྗོད་དེ་སྲིད་སྐྱོང་ལ་གཞན་ཞིག་འདེམས་དགོས་ཟེར་བ་སོགས་ཀྱི་ནང་ཁུལ་ཁ་མ་མཐུན་པའི་རྩོད་གླེང་བྱེད་བཞིན་མཆིས།  སྲིད་སྐྱོང་དྭང་བླངས་འོས་མི་རྣམ་པ་བོད་མིའི་སྡོད་གནས་ཁག་ལ་སྐོར་བསྐྱོད་ཀྱིས་དབྱར་དུས་འབྲུག་གྲགས་པ་ནང་བཞིན་སོ་སོའི་མ་འོངས་པའི་ལངས་ཕྱོགས་སྤྱི་ཚོགས་ནང་སྒྲོག་བཞིན་འདུག་ལ། ང་ཚོ་སྤྱི་ཚོགས་ནང་ལ་རྒན་དར་གཞོན་གསུམ་གྱི་དོ་སྣང་ཤུགས་ཆེ་གནང་སྟེ་བགྲོ་གླེང་སྣ་ཚོགས་བྱེད་བཞིན་འདུག་པས། དེ་དག་ནི་དགའ་སྤྲོ་འོས་པའི་གནས་སྟངས་ཤིག་རེད་མ་གཏོགས་དེར་སྐྱོན་ཡིན་པ་མ་མཐོང་།  ཡིན་ནའང་དེའི་ནང་སྐབས་འཚོལ་རིང་ལུགས་པ་འགའ་ཤས་ཀྱིས་གཞི་མེད་ཀྱིས་ཕན་ཚུན་སྐྱོན་བརྗོད་ཀྱིས་དྲ་ལམ་ཁག་ཏུ་བོད་མི་རིགས་ལ་ཕན་ཐོགས་མེད་པའི་ལབ་གླེང་སྣ་ཚོགས་བྱེད་བཞིན་འདུག  རང་དང་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་མ་མཐུན་པར་ཁོས་མ་འཇོན་རབས་དང་། ཆོས་ལ་དད་པ་མེད་ལུགས། ༸གོང་ས་མཆོག་ལ་ཁ་གཏོང་གི་ཡོད་རབས་སོགས་བརྗོད་དེ་བདུད་ནང་བཞིན་བསྒྱུར་ཐབས་ཀྱི་དམའ་འབེབས་དང་།  རང་དང་ལྟ་བ་ལངས་ཕྱོགས་མཐུན་པའི་མི་དེ་ཁོས་འཇོན་རབས་སོགས་བརྗོད་དེ་ལྷ་བསྟོད་པ་ནང་བཞིན་བསྟོད་དབྱངས་འཐེན་ཏེ་དཀར་པོ་བཟོ་ཐབས་བྱེད་བཞིན་མཆིས།

འོན་ཀྱང་ལབ་གླེང་དེ་དག་ནི་དམངས་གཙོའི་ཐོབ་ཐང་ཡིན་མདོག་གི་ཁ་དབྱངས་འཁྱེར་ནས་རྩོད་བཞིན་འདུག་མོད། ང་ཚོའི་མི་རིགས་ལ་ཕན་ག་ཚོད་ཅིག་ཐོགས་ཀྱི་ཡོད་མེད་མི་ཤེས།   གང་ལྟར་ལབ་གླེང་དེ་དག་གིས་སྤྱི་ཚོགས་ལ་ཕན་གནོད་གང་ཞིག་འདུག་ལྟ་རྒྱུ་དེ་ཡང་ཧ་ཅང་གི་གལ་ཆེན་རང་བཞིན་ཞིག་ཏུ་འགྱུར་འདུག་སྙམ།   ངས་བལྟས་ན་དེ་འདྲ་ཞིག་ཕན་ཚུན་ལབ་གླེང་བྱས་ན་ང་ཚོའི་ནང་ཁུལ་གྱི་ཆིག་སྒྲིལ་ལ་གནོད་སྐྱོན་འགྲོ་བ་ལས་ཕན་ཐོགས་ཅི་ཡང་མ་མཐོང་། ང་ཚོའི་ཁ་གཏད་ནི་རྒྱ་དམར་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ་ལས་བོད་མི་ནང་ཁུལ་ག་ལ་ཡིན།  དེང་སྐབས་རྒྱ་དམར་གྱིས་བོད་ས་འཛུགས་སྐྲུན་གྱི་ཁ་དབྱངས་འཐེན་ཏེ་བོད་ཡུལ་འདི་ཉིད་རྒྱ་ཡུལ་གྱི་གྲོང་ཁྱེར་ལ་བཙན་གྱིས་བསྒྱུར་གྱི་ཡོད་པ་མ་ཟད། བོད་མི་རིགས་ཀྱི་མེས་དབོན་གོང་མ་ཚོས་ངལ་བ་ཁྱད་དུ་བསད་དེ་བསྐྲུན་གནང་མཛད་པའི་ང་ཚོའི་སྐད་ཡིག་འདི་ཉིད་རྒྱ་དམར་སྲིད་གཞུང་གིས་མེད་པ་བཟོ་རྒྱུའི་མངོན་གསལ་འདོད་པོ་དང་མངོན་གསལ་འདོད་པོ་མ་ཡིན་པས་ལས་འགུལ་གདུག་རྩུབ་ཅན་སྣ་མང་སྤེལ་དང་སྤེལ་བཞིན་ཡོད་པ་དེ་རེད།

ད་ནི་ང་ཚོ་དུས་ཚོད་ཧ་ཅང་ཛ་དྲག་ཅན་གྱི་སྒང་ལ་སླེབས་ཡོད།  འདས་པའི་རྒྱུན་རིང་ནང་གཞིས་ལུས་ཤེས་ཡོན་ཅན་དང་འབྲེལ་ཡོད་རྣམ་པ་ཚོས་ཡོད་ཚད་བློས་བཏང་སྟེ་བོད་རིགས་ཀྱི་སྐད་ཡིག་ཐོབ་ཐང་དགོས་པའི་སྙན་ཞུ་རིམ་པ་ཕུལ་ཡོད་ལ།  དེའི་སྐོར་ལ་བསམ་འཆར་ཡང་མང་པོ་གླེང་ཡོད་ནའང་རྒྱལ་ཁབ་ཅིག་མེད་པ་བཟོ་དགོས་ན་དེའི་སྐད་ཡིག་ཐོག་མར་མེད་པ་བཟོ་དགོས་ཞེས་པའི་ལྟ་བ་དེ་རྒྱ་དམར་སྲིད་གཞུང་གི་བཟུང་སྟེ་བོད་ཀྱི་སྐད་ཡིག་མེད་པ་བཟོ་རྒྱུའི་ལག་བསྟར་བྱེད་ཀྱི་ཡོད་པ་དེ་རེད། ཡིན་ནའང་ང་ཚོའི་རང་དབང་ལུང་པ་ནང་ཡོད་མཁན་རྣམ་པས་སོ་སོའི་སྐད་ཡིག་ལ་དོ་སྣང་གི་སྦྱང་བརྩོན་བྱེད་དགོས་ལ། སོ་སོའི་ནོར་བུ་རང་ལག་ཡོད་དུས་ནོར་ཉམས་མ་ཆོད་ན།  ནོར་བུ་གཞན་ལག་ཤོར་དུས་འཕྱི་ཚར་བ་རེད།   དཔེ་དེ་བཞིན་ང་ཚོའི་མཐོ་རིམ་འགོ་ཁྲིད་ཚོས་ཞལ་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་བདག་པོ་བརྒྱག་དགོས་ཞེས་ལམ་སྟོན་མ་ཎི་བགྲང་ལྟར་ག་ཚད་བྱས་ཀྱང་། དོན་དག་ཡང་སྙིང་བོད་ཡིག་ལ་རིན་ཐང་མ་སྤྲད་ན་མ་ཎི་བགྲང་ལྟར་ག་ཚད་བྱས་ཀྱང་ཞལ་ན་རོགས་མ་གཏོགས་ཕན་པ་ག་ཚོད་ཅིག་ཡོད་ན་སྙམ། ང་ཚོའི་རང་དབང་ལུང་པ་ནས་འགོ་འོག་ཚང་མའི་བོད་ཡིག་ལ་དོ་སྣང་དེ་ཙམ་བྱེད་ཀྱི་མེད་པར་བརྟེན་མི་རབས་གསར་པའི་ན་གཞོན་ཚོས་བོད་ཡིག་ལ་དོ་སྣང་བྱེད་མཁན་ཉུང་དུ་འགྲོ་བཞིན་ཡོད་པ་རེད།  ང་ཚོའི་རང་དབང་ལུང་པ་ནས་སོ་སོའི་སྐད་ཡིག་དོ་སྣང་གི་གཅེས་འཛིན་བྱེད་དགོས་པ་ཞིག་ལས་རང་དབང་ལུང་པ་ནས་སོ་སོའི་སྐད་ཡིག་ལ་དོ་སྣང་མ་བྱས་ནས་ཕར་ཕྱོགས་རྒྱ་མིས་ང་ཚོའི་སྐད་ཡིག་མེད་པ་བཟོས་སོང་ཞེས་སྡུག་སྐད་ག་ཚད་བརྒྱབ་ཀྱང་དེ་དྲང་བདེན་གྱི་སྐད་ཆ་ཞིག་མ་རེད་སྙམ། དེ་ཡང་རང་དབང་ཅན་གྱི་སྡེ་ཚན་བོད་ཁྱིམ་གྱི་སློབ་གྲྭ་ཁག་ཏུ་ག་རེ་བྱས་ཏེ་བོད་མིའི་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ཀྱི་མེད་པ་རེད་དམ། ཤེས་ཡོན་སྤྲོད་སའི་སྡེ་ཚན་དེ་ཚོས་བསམ་གཞིག་ནན་པོ་བཏང་སྟེ་ཤེས་ཡོན་སྲིད་ཇུས་ལག་བསྟར་ཚད་ལྡན་བྱེད་དགོས་པ་དེ་རེད། དེ་མ་གཏོགས་མ་འོངས་པའི་བྱུང་རབས་ལོ་རྒྱུས་ནང་ནག་ཐིག་མི་ཕོག་པའི་ངེས་པ་མེད། དེར་བརྟེན་མ་འོངས་པ་སྲིད་འཐུས་སུ་འདྲ་ཞིག་སླེབས་ན་བོད་མིའི་ཤེས་ཡོན་སྲིད་ཇུས་ཐོག་ལ་ནུས་ཤུགས་ཡོད་ཚད་བཏོན་ནས་ལས་དོན་གནང་བ་ལས་ཞལ་ནས་འདྲ་ཆགས་པོ་ཞིག་བཤད་དེ་ལག་ལེན་ཐོག་ལ་དེ་ཙམ་སྣང་མེད་མི་འཇོག་པའི་རེ་བ་ཡོད།  དེ་ཡང་ད་ལྟའི་བཀའ་ཤག་གི་སྣང་མེད་བཞག་སོང་ཟེར་གྱི་མེད།  ཡིན་ནའང་བསམ་ཚུལ་ཡོད།  ད་ནི་ང་ཚོའི་ནང་ཁུལ་ཚིག་སྐམ་སྟོང་བཤད་མ་ཡིན་པས་ང་ཚོའི་མི་རིགས་འདི་ཉིད་འགྱེལ་ས་ནས་ག་འདྲ་བྱས་ཏེ་ལངས་ཐུབ་པའི་ལས་འཆར་གང་ཡོད་པ་རྣམ་གསལ་སྟོན་དགོས་པ་དེ་རེད།
ལྷག་དོན་ཕྱི་ལོ་༢༠༠༩ ལོ་ནས་ད་ལྟའི་བར་བོད་མི་རིགས་དང་སངས་རྒྱས་བསྟན་པའི་དོན་དུ་གཅེས་པའི་ལུས་སྲོག་ཡོངས་རྫོགས་བློས་བཏང་སྟེ་སྐུ་ལུས་མཆོད་མེར་སྒྲོན་མཁན་(༡༤༢)བྱུང་ཡོད་ཅིང་། ཁོང་རྣམ་པའི་ཞལ་གཅིག་མཐུན་གྱི་༸རྒྱལ་བ་རིན་པོ་ཆེ་བོད་ནང་གདན་འདྲེན་ཞུ་དགོས་པ་དང་། བོད་ཀྱི་སྐད་ཡིག་ལ་རང་དབང་དགོས་པ་སོགས་འབོད་ཚིག་སྒྲོག་གི་ཡོད།  ཡིན་ནའང་ད་དུང་རྒྱ་དམར་སྲིད་གཞུང་གི་བསམ་ཤེས་སྤུ་ཙམ་མེད་པའི་བོད་དོན་ཐོག་འཁྱོག་བཤད་རྐྱང་བྱེད་ཀྱི་ཡོད།  ད་ནི་ང་ཚོའི་ནང་ཁུལ་ལ་གཏམ་བཤད་རྫིག་པོ་བྱེད་པའི་དུས་ཚོད་དེ་ལས་ཀྱང་མིན་ལ།  ནང་ཁུལ་ཕྱོགས་རེས་ཀྱི་འཐེན་འཁྱེར་བྱེད་པའི་དུས་ཚོད་དེ་ལས་ཀྱང་མིན།  མི་ལོ་ལྔ་བཅུ་ལྷག་ཙམ་རིང་ལ་འཛམ་གླིང་གི་ས་ཕྱོགས་གང་སར་བོད་དོན་དྲིལ་བསྒྲགས་བྱས་པའི་དྲིན་ལ་བརྟེན་དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་མང་ཆེ་བའི་བོད་ཀྱི་གནས་སྟངས་ཤེས་ཀྱི་ཡོད་པ་རེད།  ཡིན་ནའང་ང་ཚོར་ཐོབ་དགོས་པའི་རང་དབང་ད་དུང་ཐོབ་མེད།

བོད་དོན་དཀའ་རྙོག་མ་སེལ་བར་དུ་དེ་ཙམ་གྱི་བོད་ལ་བརྟན་ལྷིང་ཡོང་མི་ཐུབ།   ང་ཚོའི་འགོ་ཁྲིད་ཚོས་ཕྱི་རྒྱལ་གྱི་བོད་དོན་རྒྱབ་སྐྱོར་ཡོང་བའི་རེ་བ་ག་ཚད་ཅིག་བྱས་ནའང་དོན་དག་ཡང་སྙིང་རྒྱ་དམར་སྲིད་གཞུང་དང་མཉམ་དུ་སྐད་ཆ་མ་བཤད་པའི་འགྲོ་ས་གཞན་ཞིག་ཐབས་ལམ་མེད་པར་འདོད།  རྒྱ་དམར་གྱིས་ཀྱང་ནམ་རིང་སྒྲུང་གིས་འཁྱོལ་ཐབས་མེད་པར་ཤེས་དགོས་པ་ལས་ད་དུང་ཀླད་རྙིང་མཁྲེགས་འཛིན་གྱི་ལྟ་བ་འཁུར་བསྡད་ན་མ་འོངས་པ་བོད་རྒྱའི་གནས་སྟངས་ཛ་དྲག་འགྱུར་ན་དེའི་འགན་ཡོངས་རྫོགས་རྒྱ་དམར་གཞུང་གི་འཁུར་དགོས་པ་རེད།  ད་ནི་ཕྱི་ལོ་༢༠༡༦ ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཚད་ལྡན་ཞིག་འདེམ་བསྒྲུབ་ཐུབ་པའི་རྒྱ་ཆེ་མི་དམངས་རྣམས་ཀྱི་སྔོན་ཚུད་ནས་དོ་སྣང་བྱེད་དགོས་ལ། ཁ་བཤད་སྙན་པོ་དང་རྫིག་པོ་གསུང་མཁན། དེ་བཞིན་གཞན་དབང་གི་འོག་ལ་གཏན་ནས་ཚུད་མི་ཉེན་ལ། སོ་སོ་རང་ཉིད་ཀྱི་འོས་འདེམས་ཐོབ་ཐང་དེ་སོ་སོ་རང་ཉིད་བེད་སྤྱད་དེ་འདེམས་པའི་རེ་བ་དང་ཡིད་ཆེས་ཡོད།  །།
ཅེས་པ་འདི་ནི་ཆབ་མདོ་ངག་དབང་ཕུན་ཚོགས་ཀྱིས། ༢༠༡༦/༩/༡༠ ཉིན་མོར་ཕུལ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།