སྲིད་སྐྱོང་ནས་བཀའ་ཤག་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་འཛིན་བྱེད་ཀྱི་མེད་སྐོར་གསུངས་སོང་།

སྐར་རྟགས་ཅན་གྱི་དྲི་བའི་ལས་རིམ་སྐབས་སུ། སྤྱི་འཐུས་མང་པོ་ཞིག་གིས་སྲིད་སྐྱོང་ལ་སྐར་རྟགས་ཅན་གྱི་དྲི་བ་དང་འབྲེལ་ནས་འཕྲོས་དོན་དྲི་བ་མང་པོ་བཏང་སོང་བ་དང་། སྲིད་སྐྱོང་ནས་བཀའ་ཤག་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་འཛིན་བྱེད་ཀྱི་མེད་ཁར། སྐར་རྟགས་ཅན་གྱི་དྲི་བའི་ལན་དུ་ཡིག་ཐོག་ཏུ། བོད་དེ་འདས་པའི་མི་ལོ་ ༧༠ དོན་གྲངས་རིང་བཙན་བཟུང་གི་འོག་ནས་རྒྱ་ནག་གི་ཆ་ཤས་ཆགས་བསྡད་ཡོད་པ་གསལ་པོ་ཡིན་ཞིང་ཞེས་པ་ལས། བཙན་བཟུང་གི་འོག་ནས་རྒྱ་ནག་གི་ཆ་ཤས་ཆགས་བསྡད་ཡོད་པ་གསལ་པོ་ཡིན་ཞིང་ཞེས་པ་ཕྱིར་འཐེན་བྱས་ཏེ། དེའི་ཚབ་ཏུ་བོད་དེ་རྒྱ་ནག་གི་བཙན་བཟུང་འོག་གནས་པའི་རྒྱལ་ཁབ་གཅིག་ཡིན་ཞེས་གསར་འཇུག་བྱེད་རྒྱུ་ཡིན་སྐོར་གསུངས་སོང་། དེ་བཞིན་དེ་སྔོན་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ནམ་ཡང་གསུངས་མེད་ཁར། དེ་སྔོན་སྲིད་སྐྱོང་གི་སྐད་ཆ་ད་ལྟ་བོད་དེ་རྒྱ་ནག་གི་ཆ་ཤས་ཆགས་བསྡད་ཡོད་ཅེས་པ་འདི་ནི་གསར་ཁང་ཞིག་ལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་གོ་བསྡུར་ག་རེ་བྱུང་ཡོད་མེད་ཀྱི་ནང་དོན་ལན་འདེབས་བྱས་པ་ལས། བཀའ་ཤག་གི་ལངས་ཕྱོགས་མིན་སྐོར་གསུངས་སོང་།

ཟླ་༩ པའི་ཚེས་༨ ཉིན་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་གཉིས་པའི་སྐབས་སུ། སྤྱི་འཐུས་དགེ་ཤེས་སྨོན་ལམ་མཐར་ཕྱིན་གྱིས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་སྐར་རྟགས་ཅན་གྱི་དྲི་བ་གསུམ་བཏང་ཡོད་པ་དང་། དེར་སྲིད་སྐྱོང་ནས་ལན་འདེབས་གནང་སོང་།

འཕྲོས་དོན་དྲི་བའི་སྐབས་སུ། གལ་ཏེ་སྲིད་སྐྱོང་དང་བཀའ་ཤག་ནས་བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་པ་དང་། ད་ལྟའི་ཆར་བཙན་བཟུང་འོག་ཡོད་པའི་རྒྱལ་ཁབ་གཅིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་ཚེ། སྲིད་སྐྱོང་གི་ལན་འདེབས་ནང་དུ་བོད་དེ་འདས་པའི་མི་ལོ་ ༧༠ དོན་གྲངས་རིང་བཙན་བཟུང་གི་འོག་ནས་རྒྱ་ནག་གི་ཆ་ཤས་ཆགས་བསྡད་ཡོད་པ་གསལ་པོ་ཡིན་ཞིང་ཞེས་པ་དེ་གསུངས་དགོས་དོན་དང་ཚིག་སྒྲུབ་དེ་ཕྱིར་འཐེན་དགོས་པའི་བསམ་ཚུལ་འདོན་མཁན་མང་པོ་བྱུང་རྗེས། སྲིད་སྐྱོང་ནས་ཆ་ཤས་ཞེས་པའི་ཚིག་དེར་གོ་བ་ལེན་སྟངས་འདྲ་མིན་ཡོད་པ་དང་འགྲེལ་ལོག་མི་བྱེད་པའི་ཆེད་དུ་ཚིག་སྒྲུབ་དེ་ཕྱིར་འཐེན་བྱེད་རྒྱུ་ཡིན་སྐོར་གསུངས་ཏེ། བོད་དེ་རྒྱ་ནག་གི་བཙན་བཟུང་འོག་གནས་པའི་རྒྱལ་ཁབ་གཅིག་ཡིན་པ་དང་ཞེས་པ་གསར་འཇུག་གནང་རྒྱུ་ཡིན་སྐོར་གསུངས་སོང་།
དེའི་རྗེས་སུ་འཕྲོས་དོན་དྲི་བ་མང་པོ་ཞིག་སླེབས་རྗེས། སྲིད་སྐྱོང་ནས་བཀའ་ཤག་གིས་བོད་དེ་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་འཛིན་རྩ་བ་ནས་བྱེད་ཀྱི་མེད་པ་དང་། བོད་ཀྱི་གནད་དོན་དེ་གྲོས་མོལ་གྱི་ཐོག་ནས་ཐག་མ་ཆོད་བར་དུ་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཟེར་ནས་ངོས་འཛིན་དུས་ནམ་ཡང་ཞུ་ཐུབ་ཀྱི་མ་རེད། ད་ལྟའི་བོད་ཀྱི་གནས་བབ་ནི་བོད་དེ་རྒྱ་ནག་གི་བཙན་བཟུང་འོག་ཡོད་པའི་རྒྱལ་ཁབ་གཅིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་གསུངས་སོང་།

དེ་བཞིན་སྲིད་སྐྱོང་གིས་ནིའུ་ཡོག་ཏུ་མང་ཚོགས་ཀྱི་དྲི་བ་དང་འབྲེལ་ནས། གལ་སྲིད་བོད་དེ་རྒྱ་ནག་གི་ཆ་ཤས་མིན་ན། ང་ཚོ་འདི་གར་སླེབས་དགོས་དོན་མེད་སྐོར་གསུངས་ཡོད་པའི་སྐོར་དང་འབྲེལ་ནས་དྲི་བ་ཐེངས་མང་སླེབས་རྗེས། སྲིད་སྐྱོང་གིས་ལན་གནང་དོན། དེ་སྔོན་ནིའུ་ཡོག་ཏུ་བོད་དེ་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་འཛིན་ནམ་ཡང་གནང་ཐབས་མེད་པ་དང་། ད་ལྟའི་ཆར་བོད་དེ་རྒྱ་ནག་གི་བཙན་བཟུང་འོག་ནས་རྒྱ་ནག་གི་ཆ་ཤས་ཆགས་བསྡད་ཡོད་སྐོར་གསུངས་པ་ལས། ཐད་ཀར་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་སྐོར་གསུངས་མེད་པ། བཙན་བཟུང་འོག་ནས་ཆ་ཤས་ཆགས་བསྡད་ཡོད་ཅེས་པ་དེ་ལས་ཁྲིམས་འགལ་ཡིན་པ་གསལ་པོ་ཆགས་ཡོད་སྐོར་ལན་འདེབས་གནང་སོང་།

སྤྱི་འཐུས་ཁག་ཅིག་གིས་གལ་ཏེ་སྲིད་སྐྱོང་གིས་དེ་སྔོན་ད་ལྟ་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཅེས་གསུངས་པ་དེ་ཁ་ནོར་སོང་བ་ཡིན་ཚེ། དེ་ལྟར་བྱུང་བ་ངོས་ལེན་བྱས་པ་ཡིན་ན་སྤྱི་ཚོགས་ལྷིངས་འཇགས་བྱུང་རྒྱུ་ཡིན་པས། ཨུ་ཚུགས་བྱེད་དགོས་དོན་མེད་སྐོར་གསུངས་སྐབས། སྲིད་སྐྱོང་གིས་ནོརའཁྲུལ་བྱུང་བ་་ངོས་འཛིན་གནང་གི་མེད་པ་དང་། བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཅེས་ནམ་ཡང་གསུངས་མེད་སྐོར་ལན་འདེབས་གནང་སོང་།

དེ་བཞིན་སྤྱི་འཐུས་ཁག་ཅིག་གིས་སྲིད་སྐྱོང་གིས་ད་ལྟའི་ཆར་བོད་དེ་རྒྱ་ནག་གི་ཆ་ཤས་རེད་དམ་མ་རེད་ཅེས་ལན་འདེབས་གསལ་པོ་ཞིག་གནང་དགོས་པའི་དྲི་བ་གནང་སོང་ཡང་། སྲིད་སྐྱོང་གིས་བོད་དེ་ད་ལྟའི་ཆར་རྒྱ་ནག་གི་བཙན་བཟུང་འོག་ཡོད་པའི་རྒྱལ་ཁབ་གཅིག་ཡིན་པ་དང་། ཆ་ཤས་ཞེས་པའི་ཚིག་དེར་གོ་བ་ལེན་སྟངས་མི་འདྲ་བ་ཡོད་སྐོར་ལན་འདེབས་གནང་སོང་།

དེ་ཡང་སྐར་རྟགས་ཅན་གྱི་དྲི་བར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སར་གསར་འགོད་པར་ད་ལྟ་བོད་རྒྱ་ནག་གི་ཆ་ཤས་ཆགས་བསྡད་ཡོད་སྐོར་གསུངས་པ་དང་། ནིའུ་ཡོག་ཏུ་དེ་རང་ཡིན་སྐོར་གསུང་སྐབས་མང་ཚོགས་ནས་དགའ་བསུའི་ཐལ་མོ་ཤུགས་ཆེ་བརྡབས་སོང་བ་སོགས་ལ་བརྟེན་བློ་ཕམ་དང་བཅས་བཀའ་འདྲི་ཞུ་རྒྱུར། 

༡༽ ད་ལྟ་བོད་རྒྱ་ནག་གི་ཆ་ཤས་ཆགས་བསྡད་ཡོད་སྟངས་དང་། ཁྱབ་ཚད་ཀྱི་ཁོངས་གཏོགས་ཇི་ཡིན། དེ་བཞིན་ད་ལྟ་བོད་མི་རྣམས་ཀྱང་རྒྱ་མིའི་ཆ་ཤས་ཆགས་བསྡད་ཡོད་མེད་བཅས་ཀྱི་གསལ་བཤད་ཡོང་བ། 

༢༽ དེ་ལྟར་བཤད་དགོས་བའི་རྒྱུ་མཚན་བལྟ་ཤེས་ན་སྔོན་མ་དང་མ་འདྲ་བའི་ཁེ་ཕན་ཆེ་བ་ཞིག་ཡོང་ས་རེད་བསམ་སྲིད་སྐོར་གསུངས་འདུག་པས་ཁེ་ཕན་ཆེ་བ་གང་དང་གང་བྱུང་ཡོད་དམ། 

༣༽ སྐད་ཆ་དེ་ལ་བརྟེན་ནས་བོད་ཕྱི་ནང་གཉིས་ཀར་བློ་ཕམ་སྐྱེ་མཁན་མང་པོ་བྱུང་སོང་བ་དང་ནིའུ་ཡོག་ནས་དེའི་སྐོར་ལ་དགའ་བསུའི་ཐལ་སྒྲ་སྒྲོག་བ་གཉིས་གང་གལ་གནད་ཆེ་བ་འཛིན་གྱི་ཡོད་དམ་ཞེས་དྲིས་སོང་། 

སྲིད་སྐྱོང་གིས་ལན་འདེབས་གནང་གསལ། སྐབས་བཅུ་བདུན་པའི་སྤྱི་ལྷན་གྱི་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༡ ལན།

༄༅། །ཕྱི་ལོ་༢༠༢༢ ཟླ་ ༤ ཚེས་ ༢༥ ཉིན། སྲིད་སྐྱོང་དང༌། འབྲེལ་ཡོད་ཁག་ཅིག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མཆོག་ལ་མཇལ་འཕྲད་ཞུས་རྗེས། གསར་འགྱུར་ལས་ཁང་ཞིག་གི་གསར་འགོད་པས། མཇལ་འཕྲད་ཀྱི་བརྒྱུད་རིམ་དང་། གྲུབ་འབྲས་སོགས་ལ་དྲི་བ་གཏོང་སྐབས། སྲིད་སྐྱོང་གིས། བོད་རང་བཙན་ཡིན་པའི་གནས་བབས་དང་། ད་ལྟ་བོད་རྒྱ་ནག་གི་ཆ་ཤས་ཆགས་བསྡད་ཡོད་པ་དང་། དབུ་མའི་ལམ་གྱི་སྲིད་ཇུས་འདིའི་འོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་གདེང་འཇོག་རག་པའི་གནད་དོན་ཐོག་ལ་ག་འདྲ་བྱེད་དགོས་མིན། དེ་ཡང་ཁོ་རང་ཚོ་ཨ་རི་གཞུང་གི་སྲིད་ཇུས་འཛིན་སྟངས་ག་འདྲ་ཡིན་མིན་དེ་ཚོའི་སྐོར་ལ་ང་ཚོ་གོ་བསྡུར་ཞིབ་ཕྲ་བྱུང་ཞེས་བཤད་པ་ཡིན།

སྲིད་སྐྱོང་གི་སྐད་ཆ་འདི་ནི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་གོ་བསྡུར་ག་རེ་བྱུང་ཡོད་མེད་ཀྱི་ནང་དོན་ཡིན།

དེའི་རྗེས། མི་ཁག་ཅིག་གིས་གསར་ཁང་དེའི་བརྙན་འཕྲིན་ལས་སྲིད་སྐྱོང་གི་གོང་གསལ་ཚིག་དུམ་དེ་གཅིག་པུ་བཅད་གཏུབ་བྱས་ཏེ་དྲ་ལམ་དུ་བཀྲམ་པ་མ་ཟད། སྲིད་སྐྱོང་གི་སྐད་ཆ་སོ་སོའི་རང་འདོད་ལྟར་བཟོ་བཅོས་བྱས་ཏེ་སྤྱི་ཚོགས་ནང་བཀྲམ་ཡོད་ཚོད་འདུག

ཕྱི་ཟླ་ ༥ ཚེས་ ༡ ཉིན། ནེའུ་ཡོག་དང་ནིའུ་ཇར་སི་མང་ཚོགས་ལ་གཏམ་བཤད་བྱེད་སྐབས། བོད་རྒྱ་འབྲེལ་མོལ་གྱི་བྱུང་རིམ་དང་། བར་ལམ་འཕྲད་བཞིན་པའི་དཀའ་ངལ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ། ཉེ་ལམ་མཁས་དབང་གཉིས་ཀྱིས་རྒྱལ་སྤྱིའི་ཁྲིམས་ལུགས་དང༌། རྒྱ་ནག་གོང་མས་གཏན་ལ་ཕབ་བའི་གཞུང་འབྲེལ་ཡིག་ཚགས་གཞི་ལ་བཞག་སྟེ། བོད་དེ་རྒྱ་ནག་གི་ཆ་ཤས་ནམ་ཡང་ཆགས་མི་འདུག་ཅེས་དབེ་དེབ་འགྲེམས་སྤེལ་ཟིན་སྐོར། ལོ་རྒྱུས་མཁས་པས་བོད་ཀྱི་ལོ་རྒྱུས་གནས་བབས་ཁུངས་སྐྱེལ་གནང་བ་ལས་ལྡོག་སྟེ། བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཚོས་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཅེས་བརྗོད་ཚེ། རྒྱལ་སྤྱིའི་ཁྲིམས་སྲོལ་དང་འགལ་གྱི་ཡོད་སྐོར་དང་། བོད་རྒྱ་གྲོས་མོལ་བྱེད་དགོས་གསུང་གི་ཡོད་པ་དང་ནང་འགལ་ཆགས་ཉེན་སྐོར་འབྲེལ་ཡོད་ལ་འགྲེལ་བཤད་ཞུས་པ་སོགས་གསར་ཁང་དེའི་བཅར་འདྲིར་ལན་འདེབས་ཡིག་འབེབས་བྱས་པ་ཆབས་ཅིག་ཞིབ་ཅིང་ཕྲ་བ་འགྲེལ་བཤད་བྱས་ཡོད་པ་དང་། དྲི་བ་དྲིས་ལན་གྱི་སྐབས་སུ་སྐད་ཆ་དེ་ཡང་ཡང་དྲི་གླེང་བྱས་པར་བརྟེན། དེ་ལྟར་ཤོད་དགོས་པའི་རྒྱུ་མཚན་དང་དགོས་བ། འགྲེལ་བཤད། ཤོད་སྟངས་བཅས་འགྲེལ་བཤད་ག་ཚོད་བརྒྱབ་ཀྱང་གོ་བརྡ་འཕྲོད་ཀྱི་མེད་ལུགས་དང༌། སྲིད་བྱུས་འཛིན་སྟངས་འགྲིག་གི་མི་འདུག་ཟེར་གྱི་ཡོད་ན་མ་གཏོགས། བཀའ་ཤག་གི་སྲིད་བྱུས་འཛིན་སྟངས་དེ་ག་རང་འགྲོ་བསྡད་ཡོད་ཅེས་བཤད་ཡོད་པ་མ་གཏོགས། དེ་རང་ཡིན་ཞེས་བརྗོད་མེད།

༡། སྲིད་སྐྱོང་གི་ལན་འདེབས་དེ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མཉམ་དུ་གོ་བསྡུར་ག་རེ་བྱུང་བའི་ནང་དོན་ཡིན་པ་མ་གཏོགས། སྲིད་སྐྱོང་ངམ། བཀའ་ཤག་གི་ངོས་ནས་བོད་ཀྱི་ལོ་རྒྱུས་དང་། ད་ལྟའི་གནས་བབས་ལ་ངོས་འཛིན་བྱེད་སྟངས་འགྲེལ་བཤད་བྱས་པ་ཞིག་མིན་ལ། བོད་དེ་འདས་པའི་མི་ལོ་ ༧༠ དོན་གྲངས་རིང་བཙན་བཟུང་གི་འོག་ནས་རྒྱ་ནག་གི་ཆ་ཤས་ཆགས་བསྡད་ཡོད་པ་གསལ་པོ་ཡིན་ཞིང་། རྒྱ་གཞུང་གིས་བཙན་བཟུང་བྱས་བའི་བོད་ཀྱི་ས་སྡེ་རྣམས་བོད་རང་སྐྱོང་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཀན་སུ། ཡུན་ནན་བཅས་ལྗོངས་དང་ཞིང་ཆེན་ཟེར་བ་ལྔ་ཡི་ནང་བཅད་བགོས་བྱས་ཡོད་ལ། གཞིས་ལུས་བོད་མི་རྣམས་ཀྱང་ད་ལྟའི་ཆར་རྒྱ་གཞུང་གི་བཙན་བཟུང་ འོག་གནས་ཡོད་པ་བསྙོན་མེད་ཡིན།

ང་ཚོར་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཚང་མས་ད་ལྟ་བོད་དེ་རྒྱ་ནག་གི་ཆ་ཤས་རེད་གསུང་གི་ཡོད་སྟབས། སྐབས་གསར་པའི་བཀའ་ཤག་གི་ངོས་ནས་འབྲེལ་ཡོད་དཔོན་རིགས་ཚོར་དེ་ནི་བཙན་བཟུང་འོག་གི་གནས་སྟངས་ཤིག་ཡིན་པ་གསལ་འདོན་གནང་གལ་ཆེ་བ་དང་། ཡང་ན་གསུང་སྟངས་དེ་རིགས་བསྐྱར་ལྡབ་མི་གནང་བའི་འབོད་སྐུལ་ཞུ་གི་ཡོད།

༢། དྲི་བ་དྲིས་ལན་གྱི་སྐབས་སུ། དབུ་མའི་ལམ་ལ་གདེང་འཇོག་རག་ཆེད་དུ་ནུས་པ་ག་འདྲ་ཞིག་འདོན་དགོས་ཀྱི་ཡོད་མེད་འགྲེལ་བཤད་རྒྱག་སྟངས་དེ་ལྟར་བརྒྱབ་སྐབས། ཁ་ཤས་ཀྱིས་འགྲེལ་བཤད་ལོག་པ་རྒྱག་གི་ཡོད་པ་རེད། ཁ་ཤས་ཀྱིས་ག་རེའི་ཆེད་དུ་བྱེད་ཀྱི་ཡོད་མེད་མགོ་ཚོས་ཀྱི་ཡོད་མ་རེད། བོད་སྤྱི་པར་ཕན་གྱི་ཡོད་དང་གནོད་ཀྱི་ཡོད་མགོ་ཚོས་ཀྱི་ཡོད་མ་རེད། དེར་བརྟེན་དྲི་བ་དེའི་རིགས་ཡོང་གི་ཡོད་རེད། ནང་ལ་ཕྱིན་ནས་བསམ་བློ་ཡག་པོ་ཞིག་བཏང་བ་ཡིན་ན། དེ་ལྟར་ཤོད་དགོས་བའི་རྒྱུ་མཚན་གང་ཡིན་བསམ་བློ་ཡག་པོ་བཏང་བ་ཡིན་ན། དེ་སྔོན་མ་དང་མ་འདྲ་བའི་ཁེ་ཕན་ཆེ་བ་ཞིག་ཡོང་ས་རེད་བསམ་པའི་བསམ་བློ་སླེབས་ཀྱི་རེད་བསམ་གྱི་འདུག གལ་སྲིད་རྒྱུ་མཚན་ལྟ་ཤེས་མཁན་ཞིག་ཡིན་ན། རྒྱུ་མཚན་ལྟ་མ་ཤེས་མཁན་ཞིག་ཡིན་ན་ག་ཚོད་བཤད་ཀྱང་ཕན་ཐོགས་ཡོད་མ་རེད་ཅེས་བརྗོད་པ་མ་གཏོགས། རྒྱུ་མཚན་བལྟ་ཤེས་ན་སྔོན་མ་དང་མ་འདྲ་བའི་ཁེ་ཕན་ཆེ་བ་ཞིག་ཡོང་ས་རེད་བསམ་སྲིད་ཅེས་བརྗོད་མེད།

དེ་ལྟར་ཞེས་པ་ནི། ད་ལྟ་བོད་དེ་རྒྱ་ནག་གི་ཆ་ཤས་ཆགས་ཡོད་སྟངས་སྐོར་ལ་མ་ཡིན་པ་དང་། དེ་ལས་ལྡོག་སྟེ། བོད་འདི་རྒྱ་ནག་གིས་བཙན་བཟུང་མ་བྱས་གོང་རང་བཙན་ཡིན་པའི་གནས་བབས་བཤད་དགོས་པའི་རྒྱུ་མཚན་གྱི་སྒོ་ནས་བཤད་ཡོད།

བོད་དོན་རྒྱབ་སྐྱོར་བ་དང་། རྒྱ་རིགས། རང་རིགས་ནང་ཁུལ་དུ་བོད་ཀྱི་ལོ་རྒྱུས་ལ་དོ་སྣང་དང་ཤེས་རྟོགས་བྱེད་ཐུབ་བའི་ཁེ་ཕན་ཡོད་པ་དང་། རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་གནས་བབས་སྐོར་རྒྱལ་སྤྱིའི་ནང་འཁྱོག་བརྗོད་བྱས་པའི་ཤུགས་རྐྱེན་ངན་པ་རྣམས་སེལ་རྒྱུར་ཁེ་ཕན་ཡོང་གི་ཡོད་ལ། དེ་ལ་བརྟེན་དབུ་མའི་ལམ་ལ་གདེང་འཇོག་ཡོང་བའི་ཁེ་ཕན་ཡོད།

༣། ད་ལོའི་གསུམ་བཅུ་དུས་དྲན་གྱི་བཀའཤག་གི་གཏམ་བཤད་དུ། ང་ཚོར་མཐུན་ཕྱོགས་རྒྱལ་ཁབ་ཁག་ནས་བོད་ཀྱི་དངོས་ཡོད་ལོ་རྒྱུས་ཀྱི་གནས་བབ་ལ་ངོས་འཛིན་དང་། དེ་བརྒྱུད་ནས་བོད་རྒྱའི་དཀའ་རྙོག་སེལ་སླད་དབུ་མའི་ལམ་གྱི་སྲིད་ཇུས་ལ་གདེང་འཇོག་གིས་རྒྱབ་སྐྱོར་ཡོང་བའི་རེ་བ་འཆང་བཞིན་ཡོད་ཅེས་བཀོད་ཡོད་པ་དང༌། སྐབས་ ༡༧ བའི་སྤྱི་ལྷན་གྱི་གྲོས་ཚོགས་ཚོགས་དུས་ ༣ བར་བཀའ་ཤག་གི་གཞུང་འབྲེལ་གསལ་བཤད་སྙན་གསན་ཞུས་བའི་ནང་། རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་གནས་བབས་སྐོར་རྒྱལ་སྤྱིའི་ནང་འཁྱོག་བརྗོད་བྱས་པའི་ཤུགས་རྐྱེན་ངན་པ་རྣམས་སེལ་ཐབས་སུ། ཡོངས་གྲགས་ཀྱི་ལོ་རྒྱུས་མཁས་པའི་བཞེད་སྲོལ་དང༌། ཉེ་ལམ་རྒྱ་རིགས་ཉམས་ཞིབ་པ་ ལིའུ་ཧན་ཁྲིན་ལགས་ཀྱིས་རྒྱའི་ཡིག་ཚང་ལ་དཔྱད་ཞིབ་བྱས་པའི་དཔེ་དེབ་དང་། མའེ་ཁེལ་ཝན་ཝལཊ་ཝན་པ་རག་ལགས་ཀྱིས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ནས་བོད་ཀྱི་ལོ་རྒྱུས་དཔྱད་དེབ་སོགས་སུ་བོད་རང་བཙན་གྱི་གནས་བབས་གསལ་འདོན་གནང་འདུག་སྟབས། རྒྱལ་སྤྱིའི་སྟེང་བོད་འདི་རྒྱ་ནག་གི་ཆ་ཤས་རེད་ཅེས་རྗོད་མཁན་གྱི་རྒྱལ་ཁབ་ཚོར་ལོ་རྒྱུས་ཀྱི་དངོས་དོན་ལ་ངོས་འཛིན་གྱིས། དབུ་མའི་ལམ་གྱི་སྲིད་ཇུས་ལ་གདེང་འཇོག་ཡོང་བའི་འབོད་སྐུལ་བྱེད་ཀྱི་ཡིན་ཞེས་བཀོད་ཡོད། སྲིད་སྐྱོང་གིས་གསར་ཁང་དེར་བཤད་པའི་སྐད་ཆའི་ནང་དོན་ཁྱོན་ཡོངས་ནས་མགོ་ཚོས་པ་དང་། དེ་བཞིན་སྐབས་དེ་དང་དེའི་རྗེས་སུ་སྲིད་སྐྱོང་ས་གནས་ཁག་ཏུ་མང་ཚོགས་ལ་གཏམ་བཤད་ སྐབས་སུ་དྲི་བ་དེའི་སྐོར་ལ་གསལ་བཤད་ལན་འདེབས་ཞིབ་གསལ་བྱས་ཡོད་པ་དེ་དག་གི་ནང་དོན་ལ་ཐུགས་སྣང་བྱུང་ཡོད་ཚེ་བློ་ཕམ་སྐྱེ་དགོས་པའི་རྒྱུ་མཚན་མེད།

སྐབས་དེར་རེ་ཟུང་གིས་སྲིད་སྐྱོང་གི་གཏམ་བཤད་བཅད་གཏུབ་དང༌། འགྲེལ་ལོག་བྱས་པ་དེས་མི་ཇི་ཙམ་ལ་བློ་ཕམ་བཟོས་ཡོད་མེད་ཤོད་ཚོད་མི་ཐིག་ཀྱང་། མ་འོངས་པར་ཚང་མས་གནས་ཚུལ་ཁྱོན་ཡོངས་རྟོགས་ཐབས་དགོས་གལ་ཞེས་འབོད་སྐུལ་ཞུ་གི་ཡོད། ནེའུ་ཡོག་དང་ནིའུ་ཇར་སི་མང་ཚོགས་ལ་ཆུ་ཚོད་གསུམ་དང་ཕྱེད་ཀ་ལྷག་རིང་གཏམ་བཤད་དང་། དྲི་བར་ལན་འདེབས་བྱེད་སྐབས། བཀའ་ཤག་གི་དབུ་མའི་ལམ་གྱི་སྲིད་ཇུས་ལག་བསྟར་བྱེད་སྟངས་ངོ་སྤྲོད་བྱེད་སྐབས་དང་། དྲི་བ་དེ་ཡང་ཡང་བཏང་བར་དངོས་ཡོད་གནས་སྟངས་ཇི་ཡིན་ལན་འདེབས་བྱེད་སྐབས་སོ་སོར་མང་ཚོགས་ཀྱི་དགའ་བསུའི་ཐལ་སྒྲ་གང་མང་བྱུང་བ་དེ་དང་། གོང་གསལ་གནད་དོན་དབར་གལ་གནད་ཆེ་ཆུང་གཞལ་རྒྱུའི་གཞི་རྩ་མེད་ཅེས་གསུངས་འདུག

གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།