སྲིད་སྐྱོང་སྤེན་པ་ཚེ་རིང་རྒྱ་གར་བྱང་ཤར་ཁུལ་དུ་འཚམས་གཟིགས་ཕེབས་བཞིན་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ནས་ཟླ་༡༡ པའི་ཚེས་༢ ནས་༡༤ བར་དུ་རྒྱ་གར་བྱང་ཤར་ཁུལ་གྱི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་དང་། ཕྱིར་ཕེབས་སྐབས་ལྡི་ལིར་གནད་ཡོད་མི་སྣ་མཇལ་མོལ་གནང་འཆར་ཡོད་པ་ལྟར། ད་ལྟའི་ཆར་རྒྱ་གར་བྱང་ཤར་ཁུལ་དུ་འཚམས་གཟིགས་ཕེབས་བཞིན་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ནས་ཟླ་༡༡ པའི་ཚེས་༢ ནས་༡༤ བར་དུ་རྒྱ་གར་བྱང་ཤར་ཁུལ་གྱི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་དང་། ཕྱིར་ཕེབས་སྐབས་ལྡི་ལིར་གནད་ཡོད་མི་སྣ་མཇལ་མོལ་གནང་འཆར་ཡོད་པ་ལྟར། ད་ལྟའི་ཆར་རྒྱ་གར་བྱང་ཤར་ཁུལ་དུ་འཚམས་གཟིགས་ཕེབས་བཞིན་འདུག
ཟླ་ ༡༡ ཚེས་ ༢ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཏི་ཛུ་དར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་ཀྱིས་ལྷ་དགོན་བྱང་ཆུབ་ཆོས་གླིང་དགོན་པར་མཆོད་མཇལ་དང་། ༧སྐྱབས་རྗེ་རྫོགས་ཆེན་དགའ་ནོར་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་གྲུབ་མཚམས་ཏི་ཛུ་དར་རྒྱས་གླིང་ས་གནས་འགོ་འཛིན་ལས་ཁུངས་དང་། མཉམ་འབྲེལ་སྡེ་ཚན་ཁག ཡན་ལག་སྨན་རྩིས་ཁང་དང་ས་གནས་འཕྲོད་བསྟེན་སྨན་ཁང་། བུ་བཅོལ་ཁང་། རྒས་གསོ་ཁང་། ས་གནས་འཐུས་ཚོགས་དང་ས་གནས་རང་བདེན་ཚོགས་ཆུང་བཅས་ལ་འཚམས་གཟིགས་སུ་ཕེབས་འདུག དེ་བཞིན་ཁོང་གིས་ཏི་ཛུ་སཾ་བྷོ་ཊ་སློབ་གྲྭར་འཚམས་གཟིགས་ཀྱིས་དགེ་ལས་སློབ་ཕྲུག་ཡོངས་ལ་གསུང་བཤད་གནང་རྗེས་ཨ་རུ་ནཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀཱ་རི་ཁོ་ཀིརི་ (Karikho Kri) ལགས་དང་། དེ་བཞིན་ཏི་ཛུ་ས་གནས་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་སྐུ་ཨན་གན་མི་ནི་(Angen Mini) ལགས་རྣམ་གཉིས་དང་མཇལ་འཕྲད་གནང་བ་མ་ཟད། ཏི་ཛུ་དར་རྒྱས་གླིང་གི་གཞིས་གྲོང་ཁག་ལྔ་ལ་འཚམས་གཟིགས་དང་། ས་གནས་མང་ཚོགས་དང་ཐུག་འཕྲད་གནང་ཡོད་འདུག
ཚེས་༣ ཉིན་སྲིད་སྐྱོང་གིས་ཏི་ཛུ་དར་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མང་ཚོགས་ལ་གསུང་བཤད་གནང་དོན། ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚོགས་ཁག་ལྔ་ནས་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་མགོན་པོ་གང་ཉིད་མཆོག་གིས་ལོ་བརྒྱ་དང་བཅུ་གྲངས་ཤིག་འཚོ་ཐུབ་ཀྱི་རེད། ཅེས་བཀའ་ཕེབས་ཡོད། དེ་བཞིན་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༦ ཉིན་བོད་ཕྲུག་ཁྱིམ་སྡེའི་དགེ་ལས་སློབ་ཕྲུག་དང་། དགེ་ལས་སློབ་ཟུར་ཡོངས། དེ་བཞིན་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ཐུན་མོང་ནས་བརྟན་བཞུགས་བསྟར་འབུལ་སྐབས་མགོན་པོ་གང་ཉིད་མཆོག་གིས་ད་དུང་འབྱུང་འགྱུར་ལོ་བཅུ་ཕྲག་གཉིས་རིང་སྡོད་ཐུབ་ཀྱི་རེད་ཅེས་བཀའ་ཕེབས་ཡོད། ཁ་སང་ཞུས་པ་ཡིན་ལ། ད་རེས་ནན་ཏན་གྱིས་ཞུ་རྒྱུར་བླ་མའི་ངོས་ནས་སྐུ་ཚེ་ཡུན་རིང་བརྟན་རྒྱུའི་དམ་བཅའ་འདུག བླ་མའི་སྐུ་ཚེ་ཞབས་པད་བརྟན་པར་བླ་མ་དང་སློབ་མའི་དབར་འབྲེལ་བ་དང་དམ་ཚིག་གཙང་མ་དགོས་ཀྱི་ཡོད། གལ་ཏེ་བླ་མ་དང་སློབ་མའི་དབར་འབྲེལ་བ་དང་དམ་ཚིག་གཙང་མ་མེད་ན་བླ་མའི་སྐུ་ཚེ་ཞབས་པད་བརྟན་རྒྱུ་ཁག་པོ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་གནང་བ་ནང་བཞིན་བོད་མི་སྒེར་སོ་སོ་ནས་ཀྱང་སྤྱོད་ལམ་ཡག་པོ་བྱེད་དགོས་པ་དང་། བོད་མིའི་སྤྱི་ཚོགས་ངོས་ནས་སྤྱི་ཚོགས་གཞན་ལ་མིག་དཔེ་བཟང་པོ་སྟོན་ཐུབ་པའི་གནས་སྟངས་ཆགས་པ་ཡིན་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་དགྱེས་པོ་ཡོང་གི་རེད། ༸རྒྱལ་བ་རིན་པོ་ཆེ་མཆོག་ཐུགས་དགྱེས་པོ་ཡོང་བ་ཡིན་ན། སྐུ་ཚེ་ཞབས་པད་བརྟན་གྱི་རེད་ཅེས་སོགས་ཀྱི་བཀའ་སློབ་གནང་འདུག
རྗེས་སུ་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་ཕེབས་ནས། མེའོ་ཆོས་འཕེལ་གླིང་སཾ་བྷོ་ཊ་གཞི་རིམ་བར་མའི་སློབ་གྲྭར་གཟིགས་སྐོར་གནང་རྗེས་སློབ་གྲྭའི་ཀམ་པུ་ཊར་སྡེ་ཚན་དབུ་འབྱེད་གནང་སྟེ་དགེ་ལས་སློབ་ཕྲུག་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་དོན། བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་གྲངས་ཀ་གལ་ཆེན་པོ་རྩི་ཡི་ཡོད། ཕྱི་ལོ་ ༢༠༡༢ ལོར་བོད་ནས་ཡོང་མཁན་དང་རྒྱ་གར་ནང་འཚར་ལོངས་བྱུང་བའི་བོད་པའི་སློབ་ཕྲུག་གི་གྲངས་འབོར་ ༢༠༡༢༨ ཡིན་པ་དང་། ཕྱི་ལོ་ ༢༠༢༡ ལོར་བོད་པའི་སློབ་ཕྲུག་གི་གྲངས་འབོར་ ༩༧༠༠ ཡིན། ལོ་དགུའི་ནང་བོད་པའི་སློབ་ཕྲུག་གི་གྲངས་འབོར་ཆིག་ཁྲི་ལྷག་ཉུང་དུ་ཕྱིན་ཡོད།
ཉུང་དུ་འགྲོ་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བར་བརྟེན་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཡོངས་སུ་དམ་བསྒྲགས་བྱས་པ་དང་། ཕྱི་ལོ་ ༢༠༢༠ ལོར་བོད་ནས་རྒྱ་གར་ལ་ཡོང་མཁན་མི་གྲངས་ ༥ མ་གཏོགས་བྱུང་མེད། ཕྱི་ལོ་ ༢༠༢༡ ལོར་བོད་ནས་རྒྱ་གར་ལ་ཡོང་མཁན་མི་གྲངས་ ༡༠ བྱུང་ཡོད། ད་ལོར་བོད་ནས་རྒྱ་གར་ལ་ཡོང་མཁན་མི་གྲངས་ ༤ མ་གཏོགས་བྱུང་མེད། དེ་བཞིན་རྒྱ་གར་ནས་ཕྱི་རྒྱལ་ཁག་ཏུ་གཞིས་སྤོ་བྱས་པ་དང་། ཕྲུ་གུ་སྐྱེས་ཚད་ཉུང་དུ་ཕྱིན་པ་བཅས་ལ་བརྟེན་ནས་བོད་པའི་སློབ་ཕྲུག་གི་གྲངས་ཀ་ཉུང་དུ་ཕྱིན་ཡོད། དེར་བརྟེན་སློབ་གྲྭ་ཁག་གཅིག་ཟླ་སྒྲིལ་བཏང་སྟེ་མཐུན་རྐྱེན་བཟང་དུ་གཏོང་དགོས་པ་དང་། མ་འོངས་པར་མུ་མཐུད་གཞིས་ཆགས་ཁག་ས་བརྟན་དང་འཚོ་གནས་བྱེད་དགོས་ན་མིའི་གྲངས་ཀ་དགོས་ཀྱི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།