སྲིད་སྐྱོང་སྤེན་པ་ཚེ་རིང་རྒྱ་གར་བྱང་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཅིག་ཏུ་འཚམས་གཟིགས་ཕེབས་བཞིན་ཡོད་པ།
ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་ཧི་མ་ཅལ་དང་ཨུ་ཏར་ཁན་མངའ་ཁུལ་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་ཐེངས་གཉིས་པ་དབུ་འཛུགས་གནང་ཡོད་པ་ལྟར། ཟླ་འདིའི་ཚེས་ ༢༤ ཉིན་ནས་སྤོན་ཊ་ཆོལ་གསུམ་གཞིས་ཆགས། སྤུ་རུ་ཝ་ལ་བོད་མིའི་གཞིས་ཆགས། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ་དང་། བོད་ཁྱིམ་བཟོ་རིག་སྒྱུ་རྩལ། ཧར་པ་པུར་སཾ་བྷོ་ཊ་ཉིན་སློབ་ཧར་པ་པུར་འདོད་རྒུ་གཡུལ་རྒྱལ་གླིང་གི་རྒས་གསོ་ཁང་དང་། ས་གནས་འགོ་འཛིན་ལས་ཁུངས་སོགས་ལ་ཧར་པ་པུར་འདོད་རྒུ་གཡུལ་རྒྱལ་གླིང་ཁྱབ་ཁོངས་དགོན་པ་དང་གཞིས་མི་མང་ཚོགས་ལ་གཟིགས་སྐོར་དང་གསུང་བཤད་གནང་གྲུབ་རྗེས།
ཕྱི་ཟླ་པའི་༢༨ ཉིན་གྱི་སྔ་དྲོར་ལྡེ་ར་ལྡུན་ཁུལ་གྱི་མན་ཊུ་ཝ་ལ་གླིང་ཚང་གཞིས་ཆགས་ནས་འཚམས་གཟིགས་འགོ་འཛུགས་གནང་བ་དང་། དེར་དགོན་སྡེ་ཁག་ལ་མཆོད་མཇལ་དང་གླིང་ཚང་ཚོགས་ཁང་དུ་མང་ཚོགས་ལ་གསུང་བཤད་སོགས་གནང་ཡོད་པ་དང་། ཚེས་༢༨ ཀྱི་ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་རཱཇ་པུར་བོད་ཁྱིམ་སློབ་གྲྭར་གཟིགས་སྐོར་དུ་ཕེབས་ཡོད་འདུག དེར་སློབ་གྲྭའི་འཛིན་ཁང་དང་སྡེ་ཚན་སོ་སོར་གཟིགས་ཞིབ་གནང་རྗེས་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་།
ཕྱི་ཚེས་༣༠ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་ནས་དཔལ་ས་སྐྱ་ཁྲི་འཛིན་ཞེ་གཉིས་རཏྣ་བཛྲ་རིན་པོ་ཆེ་དང་། དཔལ་ས་སྐྱ་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་རྣམ་གཉིས་ལ་མཇལ་བཅར་ཞུས་རྗེས། རཱཇ་པུར་བོད་ཀྱི་བུད་མེད་མཉམ་ལས་བཟོ་གྲྭ་སོགས་ལ་འཚམས་གཟིགས་སུ་ཕེབས་ཡོད་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་བོད་མི་རྣམས་འཛམ་བུ་གླིང་གི་སྐྱབས་བཅོལ་བའི་སྤྱི་ཚོགས་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཏུ་གྱུར་ཡོད་པ་མངོན་གསལ་ཡིན་པས། བོད་མི་རྣམས་ནས་མགོན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་རྗེས་སུ་དྲན་དགོས་པ། གལ་ཏེ་༸གོང་ས་མཆོག་ལྟ་བུའི་དབུ་ཁྲིད་ཅིག་བོད་མིར་བྱུང་མེད་ཚེ་བོད་མིའི་འཐབ་རྩོད་དང་། བཙན་བྱོལ་ནང་དུ་རུབ་སྡོད་སྤྱི་ཚོགས་འདི་ལྟ་བུ་ཚགས་ཚུད་པོ་ཞིག་བྱུང་ཁག་པོ་ཡིན་པ། དེ་བཞིན་མི་རབས་གཞོན་པ་རྣམས་ཀྱིས་བོད་པའི་མི་རབས་རྒན་པ་ཚོའི་བཀའ་དྲིན་རྗེས་སུ་དྲན་དགོས་པ་སོགས་གསུངས་འདུག་ལ།
འདས་པའི་ཉིན་དེ་དག་གི་རིང་དཔལ་ལྡན་སྲིད་སྐྱོང་ནས་གཞིས་ཆགས་དང་སློབ་གྲྭ། དེ་བཞིན་དགོན་སྡེ་གཙོས་པའི་ཚོགས་པ་ཁག་ཏུ་མི་མང་གི་དགོས་མཁོ་རྟོག་ཞིབ་སླད་ས་གནས་སོ་སོར་ཐེངས་གཉིས་གཟིགས་སྐོར་དུ་ཕེབས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་བའི་ཁར། བཀའ་ཤག་ངོས་ནས་སྤྱི་སྙོམ་དྲང་བདེན་ལྡན་པའི་ཐོག་ནས་མི་མང་གི་དགོས་མཁོ་གཞིར་བཟུང་སྤྱི་ཚོགས་བདེ་དོན་ལྟ་སྐྱོང་གནང་གི་ཡོད་པ། ས་གནས་མི་མང་གི་གཞི་རྩའི་དགོས་མཁོར་གཞིགས་ཏེ་བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་གང་ཐུབ་སྦྱར་རྒྱུ་ཡིན་པ། བཙན་བྱོལ་ནང་གི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་ཏུ་དགེ་འདུན་པའི་ཞལ་གྲངས་ཉུང་དུ་འགྲོ་བཞིན་པ་སོགས་ཀྱི་གནས་སྟངས། བོད་ནང་དུ་རིམ་བཞིན་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱ་རྒྱུར་དམ་བསྒྲགས་དང་། བོད་ཡིག་སློབ་ཁྲིད་བྱེད་མཁན་སྒེར་གཉེར་སློབ་གྲྭ་ཁག་སྒོ་རྒྱག་གི་ཡོད་པའི་སྐོར་དང་། ཆོས་རིག་ལས་ཁུངས་ནས་བོད་བརྒྱུད་ནང་བསྟན་རྒྱུན་འཛིན་ཆེད་གཞུང་ལུགས་དཔེ་ཆ་ཁག་འཕྲུལ་རིག་རྣམ་པར་བཤེར་འབེབས་བྱས་ཏེ། བོད་ཀྱི་གྲངས་འཛིན་དཔེ་མཛོད་བཟོ་སྐྲུན་གྱི་ལས་འཆར་སོགས་གསལ་བཤད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་བོད་དོན་དང་འབྲེལ་བའི་སྒྲིག་འཛུགས་ཁག་ཐུན་མོང་གི་ཐབས་བྱུས་འབད་རྩོལ་ལ་བརྟེན་ནས་ཨ་རིའི་ནང་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་ཐུབ་པ་དེའི་དགེ་ཕན་སྐོར།
གཞིས་ཆགས་སྲ་བརྟན་ཡོང་སླད་རྗེས་འབྱོར་བོད་མི་སྡོད་ཁང་མེད་མཁན་རིགས་ལ་བོད་མིའི་སྒྲིག་འཛུགས་ནས་གཞིས་ཆགས་ཁག་ཏུ་སྡོད་ཁང་མཐུན་རྐྱེན་སྐྲུན་གྱི་ཡོད་པ། དེ་བཞིན་བཙན་བྱོལ་བོད་མིའི་བདེ་དོན་ལྟ་སྐྱོང་ཐད་ལས་དོན་གནང་ཕྱོགས་སྤྱི་དང་། ཁྱད་པར་དུ་བཀའ་ཤག་སྐབས་བཅུ་དྲུག་པའི་ཕུགས་དམིགས་ཡིག་ཆར་གཞི་བཅོལ་ནས་བོད་བསྟན་ཆབ་སྲིད་སྤྱི་དང་བོད་མིའི་སྤྱི་ཚོགས་བདེ་དོན་ཐོག་ཕྱག་ལས་ཇི་གནང་ཁག་གསལ་བཤད་དང་། གཞུང་འབྲེལ་དབུ་མའི་ལམ་གྱི་སྲིད་བྱུས་གཞི་རྩར་བཞག་སྟེ། དབུ་མའི་ལམ་གྱི་སྲིད་བྱུས་ལ་གདེང་འཇོག་ཡོང་སླད་ཐབས་བྱུས་ལ་འགྱུར་བ་ཕྲན་བུ་བཏང་ནས་ལོ་རྒྱུས་ཐོག་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་གནས་སྟངས་ལ་ནན་བརྗོད་གནང་གི་ཡོད་པ་ལྟར། རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་གནས་སྟངས་ཁུངས་འཕེར་ར་སྤྲོད་གནང་ཡོད་གི་ཡོད་པ་སོགས། བཀའ་ཤག་སྐབས་བཅུ་དྲུག་པའི་གཞིས་ཆགས་སྲ་བརྟན་དང་འབྲེལ་བའི་ལས་གཞི་སྤེལ་བཞིན་པའི་སྐོར་ངོ་སྤྲོད་གྲུབ་མཚམས་གཞིས་མི་ཁག་གི་དྲི་བར་ལན་འདེབས་གསལ་བཤད་བཅས་གནང་ཡོད་འདུག
དཔལ་ལྡན་སྲིད་སྐྱོང་གི་མཛད་རིམ་ལྟར་ན་ཕྱི་ཟླ་༩ ཚེས་ ༢༤ ནས་ཕྱི་ཟླ་ ༡༠ ཚེས་ ༢༢ བར་རྒྱ་གར་ཨུཏྟརཱ་ཁནྜ་ཁུལ་དང་། སེར་མོར་རྫོང་ཁོངས་བོད་མིའི་གཞིས་ཆགས་ཁག་ལ་འཚམས་གཟིགས་དང། དེ་རྗེས་སུད་སི་དང་། ནི་དར་ལེནྜ། ལུཀ་ཛམ་བརྒ། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཏུ་ཕྱོགས་ཕེབས་དང་། དེ་ནས་རྒྱ་གར་འབྲས་ལྗོངས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད་པར་འཁོད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།