སླར་ཡང་རྩེད་འགྲན་བ་གྲགས་ཅན་ཞིག་གིས་རྒྱ་ནག་ལ་སྐྱོན་བརྗོད་བྱས་འདུག
ནིའུ་ཟི་ལན་ཊི་རྒྱལ་ཁབ་ཀྱི་རྩེད་འགྲན་བ་གྲགས་ཅན་སོ་ནི-ཝི་ལམ་(Sonny Bill William)ནི་རྒྱ་ནག་ལ་སྐྱོན་བརྗོད་བྱེད་མཁན་གྱི་རྩེད་མོའི་སྐར་ཆེན་གསར་ཤོས་དེ་ཆགས་ཡོད་འདུག
དེ་རིང་སྟེ་ཕྱི་ཟླ་ ༡༢ པའི་ཚེས་ ༢༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་དུ། ནིའུ་ཟི་ལན་ཊི་རྒྱལ་ཁབ་ནས་ཡིན་པའི་རག་བྷི་(Rugby)རྩེད་མོའི་སྐར་ཆེན་ཏེ། སོ་ནི-ཝི་ལམ་གྱིས་ཀྱང་རྒྱ་ནག་གི་ཡུ་གུར་མི་རིགས་ལ་མཐའ་གཅིག་ཏུ་དྲག་གནོན་བྱེད་པའི་སྲིད་བྱུས་ལ་སྐྱོན་བརྗོད་དང་། མི་ཁ་ཅིག་གིས“འགྲོ་བ་མིའི་ཀུན་སྤྱོད”ལས་སྒོར་མོ་གལ་ཆེན་དུ་བརྩི་བཞིན་པར་བློ་ཕམ་བྱས་ཡོད་འདུག
རྩེད་འགྲན་ཁོང་གིས་ཋོ་ཋར་དྲ་བའི་སྟེང་རྒྱ་ནག་གི་རྒྱལ་དར་བྲིས་པའི་ལག་པ་གཅིག་གིས་ཤར་ཏུར་ཁི་སི་ཐན་གྱི་རྒྱལ་དར་བྲིས་པའི་ལག་པ་གཅིག་དམ་པོར་བཙིར་ནས་ཁྲག་དམར་ཡང་བཞུར་བཞིན་པའི་འདྲ་པར་ཞིག་བཏང་བའི་ཐོག “ད་ལྟ་ནི་ང་ཚོས་འགྲོ་བ་མིའི་ཀུན་སྤྱོད་ཀྱི་ཚབ་ཏུ་དཔལ་འབྱོར་གྱི་ཁེ་ཕན་འདེམས་པའི་དུས་ཚོད་སྐྱོ་བོ་ཞིག་ཡིན”ཞེས་པའི་ཁ་བྱང་ཞིག་བཀོད་ཡོད་འདུག
ཁོང་ནི་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འབྲང་བར་གྱུར་བའི་རག་བྷི་རྩེད་མོའི་རྩེད་འགྲན་བ་གྲགས་ཅན་ཞིག་ཡིན་པ་མ་ཟད། སྔོན་ཆད་ཁུ་ཚུར་འགྲན་བསྡུར་གྱི་རྩེད་རིགས་ནང་ཡུད་ཙམ་ཞུགས་ནས་སྐད་གྲགས་ཀྱང་འཇོག་མྱོང་ཡོད་འདུག
ཁོང་གི་སྐད་ཆ་དེ་ནི་རྒྱལ་སྤྱིའི་ནང་སྙན་གྲགས་ཆེ་བའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་བ་མཱི་སུཌ-་ཨོ་ཛིལ་(Mesuit Ozil)གྱི་སྐྱོན་བརྗོད་དང་གཅིག་མཚུངས་ཡིན་འདུག་སྟེ། མཱི་སུཌ-ཨོ་ཛིལ་གྱིས་རྒྱ་ནག་དང་། རྒྱ་ནག་གི་བྱེད་སྟངས་མ་མཐོང་ཁུལ་གྱིས་ཁུ་སིམ་མེར་འདུག་མཁན་གཉིས་ཀ་ལ་སྐྱོན་བརྗོད་བྱས་ཡོད།
ཁ་ཆེའི་མི་རིགས་སུ་གཏོགས་པའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་བ་ཁོང་གིས་སྤྱི་ཚོགས་དྲ་ལམ་ཐོག་བཀོད་པའི་སྐྱོན་བརྗོད་དེའི་ནང་། རྒྱ་ནག་གཞུང་གིས“ཁ་ཆེའི་དཔེ་ཆ་མེར་སྲེག་གཏོང་བ་དང་། ཁ་ཆེའི་ལྷ་ཁང་གི་སྒོ་རྒྱག་པ། ཁ་ཆེའི་ཤེས་ཡོན་བསྟི་གནས་ཁང་རྣམས་བཀག་སྡོམ། ཁ་ཆེའི་སྤུན་ཟླ་རྣམས་བཙོན་འཇུག”སོགས་བྱེད་ཀྱི་ཡོད་རུང་། ཕྱིའི་རྒྱལ་ཁབ་ཀྱི་ཁ་ཆེ་རྣམས་ཁུ་སིམ་མེར་བསྡད་དེ་གང་ཡང་བཤད་ཀྱི་མེད་པའི་སྐོར་བྲིས་ཡོད་འདུག
ཁོང་གི་སྐྱོན་བརྗོད་དེར་རྒྱ་ནག་གིས་ཁོང་ཁྲོ་ཆེན་པོ་བསྟན་ཡོད་དེ། རྒྱ་ནག་གིས་ཁོང་མཉམ་ཞུགས་བྱེད་སའི་འགྲན་བསྡུར་དེ་ཐོག་མའི་འཆར་གཞི་ལྟར་ཐད་སྟོན་བྱས་མེད་པ་མ་ཟད། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས“ཁོ་ཕྱི་རྒྱལ་གྱི་གསར་འགྱུར་རྫུན་མའི་གཡོ་འོག་ཏུ་ཚུད་པ་རེད། ཁོ་རང་ཉིད་ཤིང་ཅང་ས་ཁུལ་དུ་ལྟ་བར་ཤོག”ཅེས་མགྲོན་འབོད་ཀྱང་བྱས་ཡོད།
དེང་སྐབས་རྒྱ་ནག་གིས་ཡུ་གུར་བས་གཙོ་པའི་གྲངས་ཉུང་མི་རིགས་རྣམས་ལ་དྲག་གནོན་དང་བཙོན་འཇུག་བྱེད་བཞིན་པ་དེར་འཛམ་གླིང་ཡོངས་ཀྱིས་དོ་སྣང་དང་སྐྱོན་བརྗོད་ཇེ་ཆེར་འགྲོ་བཞིན་ཡོད་འདུག་སྟེ། འདི་ལོའི་ཕྱི་ཟླ་ ༧ ནང་དབྱིན་ཇིས་མཚོན་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ ༢༠ ལྷག་གིས་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་ཡི་གེ་ཞིག་བཏང་བའི་ཁར། ད་ལྟའི་ཆར་ཨ་རིའི་གྲོས་ཚོགས་ནས་ཀྱང་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བའི་ཁྲིམས་འཆར་ཞིག་འགྲོ་བཞིན་པའི་སྒང་ཡིན་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།