སློབ་ཁྲིད་ཅིག་ཏུ་ངོས་འཛིན་ཆོག

ཉེ་ཆར་བྲག་རི་རིན་པོ་ཆེར་རྒྱ་གར་གྱི་བུད་མེད་ཅིག་གིས་གནམ་གྲུ་འཕུར་བཞིན་པའི་སྐབས་མོ་ལ་ཚུལ་མིན་གྱིས་ལག་པ་འཆང་བའི་ཉེས་འཛུགས་བྱས་ཡོད་པ་དང་། དེ་ཡང་ཉེས་འཛུགས་ཙམ་མ་ཡིན་པར་ས་གནས་ཉེན་རྟོག་པར་ཞུ་གཏུག་བྱས་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༥༡   ཕྱི་ལོ་ ༢༠༡༩/༥ /༡༥     

ཉེ་ཆར་བྲག་རི་རིན་པོ་ཆེར་རྒྱ་གར་གྱི་བུད་མེད་ཅིག་གིས་གནམ་གྲུ་འཕུར་བཞིན་པའི་སྐབས་མོ་ལ་ཚུལ་མིན་གྱིས་ལག་པ་འཆང་བའི་ཉེས་འཛུགས་བྱས་ཡོད་པ་དང་། དེ་ཡང་ཉེས་འཛུགས་ཙམ་མ་ཡིན་པར་ས་གནས་ཉེན་རྟོག་པར་ཞུ་གཏུག་བྱས་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད། འདི་དང་འདི་ལྟ་བུའི་གནས་ཚུལ་མང་པོ་ཞིག་འཛམ་གླིང་ཤར་ནུབ་ཀྱི་ས་གནས་མང་པོ་ནས་བྱུང་ཡོད་པ་དང་། མ་འོངས་པར་ཡང་མུ་མཐུད་དུ་ཡོང་ངེས་རེད། ཕྱོགས་གཅིག་ནས་བླ་སྤྲུལ་མཁན་པོ་དགེ་བཤེས་རྣམ་པའི་བྱེད་སྟངས་དང་ཡང་འབྲེལ་བ་ཅུང་ཙམ་རེ་ཡོད་ངེས་པ་དང་། ཕྱོགས་གཞན་ཞིག་ནས་ད་ལྟའི་དུས་འདིར་བོད་ཀྱི་བླ་སྤྲུལ་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ལ་ཤུགས་རྐྱེན་ཆེ་ཤོས་རིགས་དང་འབྲེལ་ཡོད་རྣམས་ལ་ཆེད་དུ་དམིགས་ནས་མིང་ཆད་བཟོ་བཞིན་ཡོད་པ་ལྟ་བུའང་འདུག འདིའི་སྐོར་བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༧༤༣ ཕྱི་ལོ་༢༠༡༩ ཟླ་༣ ཚེས་༢༠ ཉིན་གྱི་གསར་ཤོག་ནང་། <<བླ་སྤྲུལ་རེའི་འགྲམ་ན་རྒྱ་མོ་རེ།>>ཞེས་འགོ་བརྗོད་དུ་འཁོད་པའི་ནང་གླེང་ཡོད་པས་འདིར་སླར་ཡང་བསྐྱར་བཟློས་བྱས་མེད།

བྲག་རི་རིན་པོ་ཆེས་“སྐབས་དེར་གནམ་གྲུའི་ནང་ཕྲན་གྱི་གཡས་ཕྱོགས་སུ་རྒྱ་གར་སྐྱེས་པ་ཞིག་དང་། ངའི་གཡོན་ཕྱོགས་སུ་བུད་མེད་གཉིས་བསྡད་འདུག བུད་མེད་དེ་གཉིས་དང་ཕྲན་གྱི་བར་དུ་གནམ་གྲུའི་ལས་བྱེད་པ་སོགས་འགྲོ་ལམ་ཡོད་པས་བུད་མེད་དེ་ངའི་འཁྲིས་སུ་མེད། གནམ་གྲུ་འཕུར་ནས་གང་ཙམ་གྱི་རྗེས་སུ་ཕྲན་ཡར་ལངས་ཏེ་ཅ་ལག་ཅིག་ངའི་སྟེང་གི་འཇོག་སྒམ་ནང་དུ་བཞག་རྗེས་མར་སྡོད་སྐབས་སུ་ནམ་རྒྱུན་ངའི་པུས་མོ་བདེ་པོ་མེད་སྟབས་རང་གནས་སུ་ཐད་ཀར་སྡོད་མ་ཐུབ་པར་ཕར་ཕྱོགས་ཀྱི་བུད་མེད་དེའི་འདུག་སྟེགས་ཟུར་གྱི་ལག་འཛིན་ལ་འཇུས་པའི་མོ་རང་གཉིད་སད་སོང་བར་ཁོང་ཁྲོའི་རྣམ་འགྱུར་དང་བཅས་ཚིག་འགའ་བཤད་འདུག་ཀྱང་ངོས་ཀྱིས་སྐད་མི་གོ་བས་དོན་ཅི་ཡིན་མ་ཤེས་པར་ཕར་འཛུམ་ཙམ་བྱས་ནས་རང་གནས་སུ་སྡོད་སྐབས་ཀྱང་མུ་མཐུད་ཅིག་བཤད་ཀྱིན་འདུག་པས། ངས་འདུག་སྟེགས་བརྗེས་ཏེ་རྒྱབ་ཕྱོགས་སུ་བསྡད། གནམ་གྲུ་བབ་རྗེས་ས་གནས་ཉེན་རྟོག་པར་ཕྲན་གྱིས་མོའི་གཟུགས་པོར་གང་བྱུང་ལག་པ་འཆང་སོང་ཟེར་བ་སོགས་མ་ཉེས་ཁ་ཡོག་བཤད་དེ་ཞུ་གཏུགས་བྱས་པ་རེད།”ཅེས་གསལ་བཤད་གནང་འདུག

དོན་དངོས་སུའང་དགུང་ནའི་བབས་དང་། གནམ་གྲུའི་ནང་དུ་ཕེབས་བཞིན་པ་སོགས་གནས་སྟངས་གང་ཐད་ནས་བསམ་ཡང་ཁོང་གིས་གང་གསུངས་པ་དེ་དངོས་ཡོད་ཡིན་པར་ཚོད་དཔག་བྱེད་ཆོག་པ་ཞིག་རེད་ལ། གལ་སྲིད་དེ་ལ་ཡིད་ཆེས་མི་བྱེད་མཁན་ཞིག་ཡིན་པའི་དབང་དུ་བཏང་ནའང་གནམ་གྲུའི་ནང་རང་འགུལ་བརྙན་ལེན་འཕྲུལ་ཆས་ཡོད་ངེས་པས་བསྐྱར་ཞིབ་བྱེད་པར་དཀའ་ཁག་ཡོད་པ་ཞིག་མ་རེད་སྙམ། གཙོ་བོ་ད་ལན་གྱི་གནས་ཚུལ་འདི་ཉིད་ལ་བརྟེན་ནས་བོད་བརྒྱུད་ནང་པའི་ཆོས་ལུགས་ཀྱི་མི་སྣ་མང་པོ་ཞིག་ལ་མ་འོངས་པར་དྲན་སྐུལ་བྱེད་པའི་སློབ་གསོ་ཞིག་ཏུ་ངོས་འཛིན་བྱེད་ཆོག་ས་རེད། ཆོས་བརྒྱུད་ཀྱི་ཚབ་མཚོན་མི་སྣ་ཁ་ཤས་ཀྱིས་ཀྱང་དུས་རྒྱུན་གནང་ལུགས་གནང་སྟངས་རང་གི་ཐོག་ནས་བུད་མེད་དང་འབྲེལ་བའི་ཐོག་ལ་ཅུང་ཚུལ་མིན་གྱི་རྣམ་པ་མང་པོ་མཐོང་རྒྱུ་ཡོད་པ་དང་། མང་པོ་ཞིག་གིས་སྣང་མེད་ཀྱི་ཐོག་ནས་བུད་མེད་ལ་ཕྱག་གཏོང་བ་དང་། ད་དུང་བུད་མེད་ཀྱི་ལུས་ཀྱི་ཆ་ཤས་ལ་རེག་ཐུག་བྱེད་པ་ལྟ་བུའི་གནས་ཚུལ་ནི་སྣང་མེད་དང་རྒྱུན་ལྡན་ལྟ་བུར་གྱུར་ཡོད་པ་མཐོང་རྒྱུ་ཡོད།

ད་ལྟའི་ཆར་ནང་པའི་བསྟན་པ་དར་ཁྱབ་ཆེ་ཤོས་སུ་གྱུར་པ་སངྒ་ལ་དང་། ཐའེ་ལནྜ། འབར་མ་སོགས་སུ་ནང་པའི་བཙུན་པ་རྣམས་ཀྱིས་བུད་མེད་ལ་ཕྱག་གཏོང་བ་སོགས་གཏན་ནས་མི་བྱེད་པ་མ་ཟད། དགེ་འདུན་པས་གནམ་ཐང་ནས་ཕྱི་བསྐྱོད་ལག་ཁྱེར་མིག་སྟོན་གནང་སྐབས། གནམ་ཐང་གི་ལས་བྱེད་པ་བུད་མེད་ཡིན་ན་ལག་འཁྱེར་མདུན་ཅོག་སྟེང་འཇོག་པ་ལས་ཕན་ཚུན་ལག་ཏུ་འཇོག་སྲོལ་མེད། ཅ་ལག་སོགས་ཉོ་ཆ་རྒྱག་སྐབས་ཀྱང་འབྲེལ་ཡོད་ལས་བྱེད་བུད་མེད་ཡིན་ནའང་དེ་ལྟར་བྱེད་སྲོལ་ཡོད། བོད་པའི་དགེ་འདུན་པ་མང་པོ་ཞིག་གིས་ཀྱང་འཛེམས་ཟོན་བྱེད་ནའང་། ད་ལྟ་ཤར་ནུབ་ཀྱི་བྱེད་སྟངས་མང་པོ་ཞིག་འདྲེས་ཡོང་སྐབས་བོད་ཀྱི་དགེ་འདུན་པའི་ནང་བུད་མེད་ལ་ཕྱག་གཏོང་བ་སོགས་ལ་འཛེམ་ཟོན་དང་དོ་སྣང་བྱེད་མཁན་ཧ་ཅང་དཀོན་དུ་གྱུར་ཡོད། མ་འོངས་པར་གནས་སྟངས་འདི་ལ་ཁ་གཡར་ནས་དགེ་འདུན་པ་ལ་མིང་ཤས་བཟོ་མཁན་ཡོང་ངེས་པ་དང་། དཔེར་ན་ཨ་རིའི་ས་ཆ་ཁ་ཤས་ནས་སྐྱེས་པ་གློག་སྐས་ནང་བུད་མེད་ངོ་མི་ཤེས་པ་དང་མཉམ་དུ་བསྐྱོད་དེ་བུད་མེད་ཚོས་ཚུལ་མིན་བྱས་ཚུལ་བརྗོད་ནས་དངུལ་རག་ཐབས་བྱེད་མཁན་ཡོད་ཚུལ་འདུག་པ་ལྟ་བུ་རེད།

མདོར་ན་བོད་པའི་བསམ་བློ་གཏོང་སྟངས་ཀྱི་གཞི་རྩའི་སྐྱོན་ཆ་ཆེ་ཤོས་ནི་ཉམ་ཆུང་ཁོང་ཁྲོ་ནང་ལ་ཟ། རིགས་ངན་ཁ་སྤུ་ནང་ལ་སྐྱེ་ཞེས་ཟེར་སྲོལ་ཡོད་པ་ལྟར། གནས་ཚུལ་ཅུང་མི་སྙན་པ་ཞིག་བྱུང་ཚེ། དེ་རང་ཉིད་དང་འབྲེལ་ཡོད་དམ་ཆོས་བརྒྱུད་གཅིག་པ་ཞིག་ཡིན་ན་འགེབས་ཐབས་བྱེད་པ་དང་། དེ་ལྟར་མིན་ན་དེ་ལ་བསྙད་ནས་སྒྲོ་འདོགས་སྣ་ཚོགས་བྱེད་སྲོལ་ཡོད་པ་ལས། སྟོན་པ་གཅིག་གི་རྗེས་འཇུག་དང་བསྟན་པ་གཅིག་གི་རྒྱུད་འཛིན་པ་ཡིན་པའི་འདུ་ཤེས་དེ་ཧ་ཅང་ཞན་པ་ལྟ་བུར་གྱུར་ཡོད། མ་འོངས་པར་གནས་ཚུལ་ག་རེ་བྱུང་ཡང་དེའི་རྒྱབ་ལྗོངས་གང་ཡིན་ལ་དོ་སྣང་དགོས་པ་དང་། བླ་སྤྲུལ་མཁན་སློབ་དགེ་བཤེས་ག་འདྲ་ཞིག་ཡིན་ཡང་མཚན་སྙན་དང་དབང་ཤུགས་ཆེ་ཆུང་གི་དབྱེ་བ་མེད་པར་བུད་མེད་ལ་ཕྱག་གཏོང་སྟངས་དང་། བུད་མེད་ཀྱི་ལུས་ལ་རེག་ཐུག་བྱེད་སྟངས་ཀྱི་ཐོག་ནས་ད་ལྟའི་འདི་ཉིད་སློབ་ཚན་ཞིག་ཏུ་ངོས་འཛིན་གྱིས་སྤངས་བླང་ཡག་པོ་ཞིག་གནང་མ་ཐུབ་ན། གཞན་ལྟ་ཅི་སྟོན་པ་གཅིག་གི་རྗེས་འབྲངས་པ་གནས་བརྟན་སྡེ་པའི་དགེ་འདུན་པ་དང་དད་ལྡན་དག་གི་སྣང་ངོར་ཡང་ཡག་པོ་ཞིག་ཏུ་མི་མཐོང་ངེས་ཅན་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།