ཧ་མ་སི་དང་ཨི་སི་རེལ་གྱི་དམག་འཁྲུག་ཁྱབ་ཆེ་རུ་ཕྱིན་ཚེ་ནུབ་ཨེ་ཤེ་ཡར་ཤུགས་རྐྱེན་ཆེན་པོ་ཐེབས་ཡིན་པ།
ཧ་མ་སིའི་འགོ་ཁྲིད་ཨིས་ཧ་ནི་ཡེ་(Ismail Haniyeh) ཨི་རན་གྱི་རྒྱལ་ས་ཏེ་ཧེ་རན་དུ་ཨི་རན་གྱི་སྲིད་འཛིན་གསར་པའི་དམ་འབུལ་མཛད་སྒོ་ལ་བཅར་སྐབས་ལྐོག་གསོད་བཏང་བའི་གནས་ཚུལ་ཐོན་ཡོད་པ་དང་། ལྐོད་གསོད་ཀྱི་དོན་རྐྱེན་དེ་ཧ་མ་སི་ལ་མཚོན་ན་འཁྲུག་རྐྱེན་སློང་གཞི་དང་། ཨི་སི་རེལ་ལ་མཚོན་ན་རྒྱལ་ཁ་ཞིག་ཏུ་གྱུར་ཡོད་འདུག གལ་སྲིད་ཧ་མ་སི་དང་ཨི་རན་གྱིས་ཡ་ལན་བསླགས་ནས་དམག་འཁྲུག་གི་གཞི་རྒྱ་ཆེ་རུ་ཕྱིན་ཚེ། ནུབ་ཨེ་ཤེ་ཡ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ངེས་པའི་གནས་ཚུལ་ཞིག་རྒྱ་གར་བང་ཆེན་གསར་ཁང་ཐོག་བཀོད་པ་འདིར་བསྒྱུར་ཡོད།
༡ ཧ་མ་སིའི་འགོ་ཁྲིད་བསད་པ་དེ་ཨི་སི་རེལ་གྱི་རྒྱལ་ཁ་ཞིག
ཕྱི་ལོ་༢༠༢༣ ཟླ་༡༠ ཚེས་༧ ་ཉིན་ཧ་མ་སིས་ཨི་སི་རེལ་གྱི་ས་ཐོག་ཏུ་འཛུལ་ནས་མི་སེར་དང་དམག་མི་ཉུང་མཐར་༡༢༠༠ བསད་ཅིང་། མི་གྲངས་༢༥༠ ཙམ་འཛིན་བཟུང་གིས་གཏའ་མིར་ཉར་ཡོད་འདུག དུས་དེ་ནས་བཟུང་ཨི་སི་རེལ་གྱིས་ཧ་མ་སིའི་འགོ་ཁྲིད་ཚོ་ལ་དམིགས་འབེན་བཟུང་ནས་ཧ་མ་སིའི་གནས་ཡུལ་གྷ་རྫ་ས་ཁུལ་དུ་གནམ་ས་གཉིས་ནས་རྒོལ་རྡུང་དྲག་པོ་བཏང་ནས་ད་བར་མི་གྲངས་༤༠༠༠༠ ལྷག་ཤི་རྐྱེན་བྱུང་ཡོད་འདུག འགོ་ཁྲིད་ཨིས་ཧ་ནི་ཡེ་(Ismail Haniyeh) ་ནི་ཧ་མ་སིའི་འགོ་ཁྲིད་མཐོ་ཤོས་དེ་ཡིན་ཞིང་། ཐེངས་འདིར་ཁོང་ལྐོག་གསོད་བྱས་པ་ནི་ཨི་སི་རེལ་གྱི་རྒྱལ་ཁ་ཆེན་པོ་ཞིག་ཏུ་གྱུར་ཡོད་འདུག
༢ ཧ་མ་སི་ལ་མཚོན་ན་ཁོང་ཁྲོ་སློང་གཞི་ཞིག་ཏུ་གྱུར།
ཧ་མ་སིའི་འཁོ་ཁྲིད་ཨིས་ཧ་ནི་ཡེ་ནི་ཁ་ཐར་(Qatar) ་ཞེས་པའི་རྒྱལ་ཁབ་ཏུ་རྟེན་གཞི་བྱས་པའི་ཧ་མ་སིའི་ཆབ་སྲིད་ལས་ཁུངས་ཀྱི་འགོ་ཁྲིད་མཐོ་ཤོས་ཤིག་ཡིན་པ་དང་། ཧ་མ་སིའི་ལག་ཏུ་ཡོད་པའི་གཏའ་མི་རྣམས་རྩིས་སྤྲོད་དང་ཕྱོགས་གཉིས་ཀྱི་བར་དམག་འཁྲུག་མཚམས་འཇོག་གི་གྲོས་མོལ་བྱེད་མཁན་གྱི་མི་སྣ་གཙོ་བོ་ཞིག་ཀྱང་ཆགས་ཡོད་འདུག ཁོད་ཉིད་ལྐོག་གསོད་བྱས་པ་ནི་ཧ་མ་སི་ལ་མཚོན་ན་འཁྲུག་རྐྱེན་སློང་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད་འདུག ཧ་མ་སིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། འགོ་ཁྲིད་ཨིས་ཧ་ནི་ཡེ་ཨི་རན་གྱི་སྲིད་འཛིན་དམ་འབུལ་མཛད་སྒོར་ཞུགས་རྗེས། ཛི་ཡོན་(Zionist) ་གྱི་ཁོང་གི་སྡོད་གནས་སུ་གཡོ་སྒྱུའི་རྒོལ་རྡུང་བྱས་ཡོད་པར་བརྗོད་འདུག མིང་བརྗོད་འདོད་མེད་པའི་ཧ་མ་སིའི་མི་སྣ་ཞིག་གིས་ཨི་རན་ནང་དུ་ཁོང་ཚོའི་འགོ་ཁྲིད་དམར་གསོད་བཏང་བ་དེ་ནི་ཛ་དྲག་གི་གནས་སྟངས་ཚབས་ཆེ་རུ་བཏང་བ་རེད་ཅེས་བརྗོད་འདུག
༣ ཨི་རན་ནང་བདེ་འཇགས་མིན་པའི་བརྡ་ལན་སྤྲད་པ།
ཨི་རན་དང་ཧ་མ་སི་གཉིས་ཀས་ཐེངས་འདིའི་འགོ་ཁྲིད་ལྐོག་གསོད་བཏང་བ་དེས་དམག་འཁྲུག་གི་གནས་སྟངས་ཛ་དྲག་ཆེ་རུ་འགྲོ་བཞིན་པ་ངོས་འཛིན་བྱེད་སྲིད་པ་དང་། ཨི་སི་རེལ་ལ་མཚོན་ན། འགོ་ཁྲིད་དམར་གསོད་བཏང་བ་དེས་ཧ་མ་སིའི་འགོ་ཁྲིད་ཚོར་ཨི་རན་དང་ཨི་རན་གྱི་སྲུང་སྐྱོབ་འོག་ཏུ་བདེ་འཇགས་མིན་པའི་བརྡ་ལན་སྤྲད་པ་ཞིག་ཆགས་ཡོད་འདུག
ལོ་འདིའི་ཕྱི་ཟླ་༤ པའི་ནང་། ཨི་རན་དང་ཨི་སི་རེལ་བར་འཕུར་མདའ་གཏོང་རེས་བྱས་ནས་བཟུང་ཕྱོགས་གཉིས་དབར་གྱི་གནས་སྟངས་ཅུང་ཞི་འཇམ་དུ་ཕྱིན་ཡོད་ན་ཡང་། ད་ཐེངས་ཧ་མ་སིའི་འགོ་ཁྲིད་དམར་གསོད་བཏང་བ་འདིས་དགྲ་ཟླའི་གནས་སྟངས་བསྐྱར་དུ་སློང་སྲིད་པ་རེད་འདུག
༤ ཨི་རན་གྱི་སྲིད་འཛིན་གསར་པར་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་འདུག
ནུབ་ཕྱོགས་པ་ཚོས་ཨི་རན་ལ་དཔལ་འབྱོར་སོགས་ཀྱི་ཉེས་ཆད་དུ་མ་བཅད་པའི་དབང་གིས་ཨི་རན་ནི་དཀའ་ངལ་ཆེན་པོ་ཞིག་གི་འོག་ཏུ་ལྷུང་ཡོད་པར་བརྟེན། སྲིད་འཛིན་གསར་པས་ཐོག་མར་ཡུ་རོབ་དང་གྲོས་མོལ་བསྐྱར་གསོ་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་དང་། ཁོང་གིས་འོས་བསྡུའི་སྐབས་སུ་ནུབ་ཕྱོགས་པ་དང་གྲོས་མོལ་འགོ་འཛུགས་རྒྱུ་དམིགས་ཡུལ་བཟུང་ཡོད་འདུག ཡིན་ཡང་། ཐེངས་འདིའི་ལྐོག་གསོད་ཀྱི་དོན་རྐྱེན་དེས་ལྟ་བ་མཁྲེགས་འཛིན་པ་ཚོས་དམར་གསོད་ཀྱི་དོན་རྐྱེན་དེར་ཡ་ལན་སྤྲོད་དགོས་པའི་གནོན་ཤུགས་སྤྲད་རྒྱུར་ངེས་ཤིང་། ཧ་མ་སི་དང་ཨི་རན་བ་མང་པོས་དགྲ་ཤ་ལེན་དགོས་ཞེས་བརྗོད་ཡོད་འདུག
བདུན་འདིའི་རེས་གཟའ་ལྷག་པའི་ཉིན་ཨི་རན་གྱི་སྲིད་འཛིན་གསར་པས་ཀྱང་། ཨི་རན་གྱི་ས་ཁོངས་གཅིག་འགྱུར་དང་གཟི་བརྗིད། དེ་བཞིན་ཆེ་མཐོང་སོགས་སྲུང་སྐྱོབ་བྱེད་རྒྱུ་དང་། རྒྱལ་སར་དམར་གསོད་གཏོང་མཁན་གྱི་འཇིགས་སྐུལ་རིང་ལུགས་པའི་བཙན་འཛུལ་བ་ཚོས་རང་གི་སྡིག་ལས་ལ་འགྱོད་པ་སྐྱེ་རུ་འཇུག་རྒྱུ་ཡིན་ཞེས་བརྗོད་འདུག
༥ ཨི་སེ་རེལ་གྱི་སྲིད་བློན།
ཧ་མ་སི་དང་ཨི་སི་རེལ་བར་དམག་འཁྲུག་འགོ་བཙུགས་ནས་བཟུང་། ཨི་སི་རེལ་གྱི་སྲིད་བློན་ལ་དྲི་བ་སླེབ་བཞིན་པ་དང་ཁོང་གི་ཆབ་སྲིད་ཀྱི་གནས་བབ་ཉེན་ཁའི་ནང་དུ་ལྷུང་ཡོད་འདུག ལྷག་པར་དུ་ཨ་རི་དང་ཁ་ཐར། ཨི་ཇིབ་སོགས་ཀྱིས་གཏའ་མི་རྩིས་སྤྲོད་ཀྱི་གྲོས་མཐུན་འཇོག་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད་འདུག་ཀྱང་། ལྐོག་གསོད་ཀྱི་དོན་རྐྱེན་གྱིས་གྷ་རྫའི་དམག་འཁྲུག་རྒྱུན་སྲིང་བ་དང་དམག་འཁྲུག་མཚམས་འཇོག་མ་བྱས་བར་ཁོང་མུ་མཐུད་སྲིད་སྟེགས་ཐོག་གནས་སྲིད་པའི་རེ་བ་སྤྲད་ཡོད་འདུག
༦ ཨ་རིའི་སྲིད་འཛིན་འོས་མི་ཀ་མ་ལ།
ལོ་འདིའི་ཕྱི་ཟླ་༡༡ ནང་ཨ་རིའི་སྲིད་འཛིན་འོས་བསྡུ་ཆེན་མོ་ཡིན་པ་དང་། མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལ་འགྱུར་སྲིད་པའི་ཀ་མ་ལ་ཡིས་གཞོན་སྐྱེས་ཚོའི་རྒྱབ་སྐྱོར་ཐོབ་ཐབས་སུ། དེ་སྔ་ཁོང་གིས་གྷ་རྫའི་དམག་འཁྲུག་ཐོག་སྲིད་འཛིན་བྷ་ཌན་ལས་མཁྲེགས་ཙམ་བྱེད་རྒྱུའི་བརྡ་བསྟན་ཡོད་ཀྱང་། ད་ལྟའི་དམར་གསོད་དོན་རྐྱེན་དེས་མོ་ལ་དཀའ་ངལ་འཕར་མ་ཞིག་དང་བསམ་བློ་གཏོང་དགོས་པ་བཟོས་ཡོད་འདུག
༧ ནུབ་ཨེ་ཤེ་ཡར་དམག་འཁྲུག་ཡོང་སྲིད་པའི་ཉེན་ཁ།
ཧ་མ་སིའི་འགོ་ཁྲིད་དམར་གསོད་ཀྱི་གནས་ཚུལ་དེ་ནི་ས་ཁུལ་སྤྱི་ཡོངས་ལ་མཚོན་ན་གནས་ཚུལ་བཟང་པོ་ཞིག་མིན་པ་མ་ཟད། ཧ་མ་སི་དང་ཨི་རན་གྱིས་དམག་འཁྲུག་ཆེ་རུ་བཏང་ཚེ། ནུབ་ཨེ་ཤེ་ཡ་ཡོངས་ལ་ཤུགས་རྐྱེན་ཐེབས་རྒྱུ་ངེས་པ་རེད་འདུག
ད་ལྟའི་ཆར་ཁ་ཐར་དང་། ཏུར་ཀི། ཡེ་མེན་གྱི་ཧུ་ཐི་(Houthis) ་དཔུང་ཚོགས་བཅས་ཀྱིས་དམར་གསོད་འདིར་སྐྱོན་བརྗོད་བྱས་ཟིན་པ་དང་། ས་ཁུལ་དུ་ཤུགས་རྐྱེན་ཆེན་པོ་ཡོད་མཁན་གྱི་སོ་དྷི་ཨ་རབ་དང་ཨ་རབ་ཨེར་མེ་མཉམ་འབྲེལ་རྒྱལ་ཁབ་སོགས་ཀྱིས་ཀྱང་དོན་རྐྱེན་དེར་དོ་སྣང་ཤུགས་ཆེན་བྱེད་བཞིན་ཡོད་འདུག ཧ་མ་སི་དང་ཨི་སི་རེལ་བར་དམག་འཁྲུག་ལངས་ནས་ཟླ་བ་དགུའི་རྗེས། ལོ་འདིའི་ཕྱི་ཟླ་༤ པའི་ནང་གནས་ཚུལ་ཛ་དྲག་ཏུ་འགྲོ་ཉེན་ཡོད་པ་ལྟར། ད་ལྟ་གཉན་འཕྲང་གི་དུས་སྐབས་ཤིག་ཏུ་གྱུར་ཡོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།