ཧང་གྷ་རིའི་སྲིད་བློན་གྱིས་ཨུ་ཡུག་གཉིས་བར་སྔར་བྱུང་མྱོང་མེད་པའི་དམག་འཁྲུག་ཅིག་ཡོང་རྒྱུ་ཡིན་པར་བརྗོད།
ཉེ་ཆར་ཧང་གྷ་རིའི་སྲིད་བློན་ཨུ་རུ་སུ་ལ་ལྟ་སྐོར་དུ་ཕྱིན་ནས་ཨུ་རུ་སུའི་སྲིད་འཛིན་དང་ཐུག་འཕྲད་བྱས་ཡོད་པ་དང་། སྲིད་བློན་ཁོང་ཨུ་རུ་སུ་ལ་མ་སོང་སྔོན་ཡུག་རེན་གྱི་སྲིད་བློན་དང་ཐུག་འཕྲད་བྱས་ཡོད་འདུག ད་ཆར་ཕྱོགས་གཉིས་ཀྱི་བར་གནས་དོན་མང་པོ་ཞིག་ཤེས་རྟོགས་བྱུང་བའི་ནང་ནས་འབྱུང་འགྱུར་ཟླ་བ་འགའ་ཤས་ནང་སྔར་བྱུང་མྱོང་མེད་པའི་དམག་འཁྲུག་ཅིག་ཨུ་རུ་སུ་དང་ཡུག་རེན་བར་ཡོང་རྒྱུ་རེད་འདུག་པས། ཡུ་རོབ་དང་ཨ་རི། རྒྱ་ནག་བཅས་ནས་ཞི་བའི་གྲོས་མོལ་ཡོང་རྒྱུ་ལ་ཤུགས་གནོན་རྒྱག་དགོས་པ་ཧང་གྷ་རིའི་སྲིད་བློན་གྱིས་བརྗོད་འདུག
ཕྱི་ཚེས་༩ ཉིན་(WELT documentary)ཟེར་བའི་འཇར་མན་གྱི་གསར་ཁང་ཞིག་གིས་ཧང་གྷ་རིའི་སྲིད་བློན་ལ་ཨུ་རུ་སུའི་ནང་ལྟ་སྐོར་དང་འབྲེལ་བའི་བཅར་འདྲི་ཞིག་བྱས་འདུག བཅར་འདྲི་དེའི་ནང་ཧང་གྷ་རིའི་སྲིད་བློན་གྱིས། འབྱུང་འགྱུར་ཨ་རིའི་ནང་གི་འོས་བསྡུ་མ་ཡོང་སྔོན་དུ་ཨུ་རུ་སུ་དང་ཡུག་རེན་གཉིས་བར་དམག་འཁྲུག་སྔར་བྱུང་མྱོང་མེད་པ་ཞིག་ཡོང་རྒྱུ་རེད་འདུག་པས། དམག་འཁྲུག་ཆེན་པོ་དེ་འདྲ་ཞིག་མ་ཡོང་སྔོན་དུ་ཡུ་རོབ་དང་ཨ་རི། རྒྱ་ནག་བཅས་ནས་ཐབས་ཤེས་བྱས་ཏེ་དམག་འཁྲུག་མཚམས་འཇོག་ཡོང་ཐབས་བྱེད་རྒྱུ་གལ་ཆེན་པོ་ཡིན་པར་བརྗོད།
གཙོ་སྐྱོང་བས། ཁྱེད་ཀྱིས་གང་འདྲ་ཤེས་བྱུང་། སྲིད་འཛིན་པུ་ཊིན་གྱིས་ལབ་ཀྱི་འདུག་གམ་ཞེས་དྲིས། སྲིད་བློན་གྱིས་ངས་ཡུག་རེན་གྱི་སྲིད་འཛིན་དང་ཨུ་རུ་སུའི་སྲིད་འཛིན་གཉིས་ཀ་ཐུག་པ་ཡིན། ཕྱོགས་གཉིས་ནས་ཡོང་རྒྱུའི་ཟླ་བ་འགའ་ཤས་ནང་དམག་འཁྲུག་ཆེན་པོ་ཞིག་ཡོང་རྒྱུ་རེད་འདུག རྒྱུ་མཚན་ནི་ཕྱོགས་གཉིས་ཀྱིས་གྲ་སྒྲིག་ཆེན་པོ་བྱེད་ཀྱི་འདུག དམག་མིའི་གྲངས་ཀ་དང་། གོ་མཚོན། འཕྲུལ་རིགས་སོགས་མ་རྩ་ཕོན་ཆེན་པོ་བཙུགས་ནས་རང་རང་གི་འདོད་དོན་སྒྲུབ་ཐབས་བྱེད་ཀྱི་འདུག ཅེས་བརྗོད། གཙོ་སྐྱོང་བས་ད་ལྟ་འབྱུང་བཞིན་པའི་དམག་འཁྲུག་དེ་ཞི་འཇམ་ཡོང་ཐབས་ལ་ཐབས་ཤེས་ག་རེ་ཡོད་རེད་ཅེས་དྲིས། སྲིད་བློན་གྱིས་དམག་འཁྲུག་དེ་མཚམས་འཇོག་བྱེད་རྒྱུ་ཧ་ཅང་མགོ་རྙོག་ཅན་ཞིག་རེད། དམག་འཁྲུག་དེའི་ནང་གཙོ་བོ་རྒྱལ་ཁབ་དང་ཚོགས་སྡེ་ཁག་ལྔ་ལ་ཐུག་ཡོད།
དེ་དག་ནི་ཨུ་རུ་སུ་དང་ཡུག་རེན་གཉིས། ཡུ་རོབ། ཨ་རི། རྒྱ་ནག་བཅས་ལ་ཐུག་ཡོད། དམག་འཁྲུག་ཟེར་བ་དེ་གནམ་ནས་ལྷུང་བ་ཞིག་མ་རེད། དམག་འཁྲུག་ཡོང་སའི་མཐའ་འཁོར་གྱི་ཁྱིམ་མཚེས་རྣམས་ཀྱི་སྲིད་བྱུས་འཛིན་སྟངས་ལ་རག་ལས་ཡོད། ཨ་རིས་དམག་འཁྲུག་དེ་མུ་མཐུད་ནས་རྒྱུན་འཁྱོངས་བྱེད་རྒྱུའི་སྲིད་བྱུས་ཤིག་འཛིན་གྱི་ཡོད། དྲང་པོའི་ཐོག་ནས་བལྟས་ན་ཡུ་རོབ་ཀྱིས་ཞི་བའི་གྲོས་མོལ་ཡོང་ཐབས་ཀྱི་སྲིད་བྱུས་ཤིག་འཛིན་དགོས་པ་དང་། རང་སྐྱོང་གི་སྲིད་བྱུས་ཤིག་བཟུང་ནས་ཡུ་རོབ་ཀྱི་ཁེ་ཕན་དང་མངོན་འདོད་ལ་ལྟ་དགོས་ཀྱང་། དེ་ལས་ལྡོག་སྟེ་ཨ་རིའི་ཤུགས་རྐྱེན་འོག་ཏུ་ཚུད་ནས་དམག་འཁྲུག་རྒྱུན་འཁྱོངས་བྱེད་རྒྱུའི་སྲིད་བྱུས་ཤིག་འཛིན་བཞིན་ཡོད། རྒྱ་ནག་གིས་གྲོས་མོལ་ཡོང་ཐབས་བྱེད་ཀྱི་ཡོད་ཀྱང་། ཕན་འབྲས་མ་བྱུང་པ་རེད། དམག་འཁྲུག་དེ་གང་མགྱོགས་མཚམས་འཇོག་ཡོང་དགོས་ན། དེ་ཚོ་ལྔ་པོ་ལ་རག་ལས་ཡོད་རེད། ཁོང་ཚོ་ལྔ་པོས་ཤུགས་བརྒྱབས་ནས་གྲོས་མོལ་ཡོང་ཐབས་བྱས་ན་དམག་འཁྲུག་མཚམས་འཇོག་ཡོང་ཐུབ་ཀྱི་རེད་ཅེས་བརྗོད།
གཙོ་སྐྱོང་བས། ཨུ་རུ་སུས་ཡུག་རེན་གྱི་ས་ཆ་(Kharkiv, Luhansk, Donetsk )གསུམ་པོ་ཨུ་རུ་སུའི་ཡིན་པས། ཡུག་རེན་གྱིས་ཨུ་རུ་སུ་ལ་ས་ཆ་དེ་དག་སྤྲོད་དགོས་པའི་ཉེན་བརྡ་གཏོང་གི་ཡོད། འོན་ཀྱང་། ཡུག་རེན་གྱིས་ས་ཆ་དེ་དག་ཨུ་རུ་སུ་ལ་སྤྲད་ན་ས་ཆ་དེའི་ནང་ཡོད་པའི་ཡུག་རེན་གྱི་མི་མང་རྣམས་ཨུ་རུ་སུའི་བཙན་དབང་འོག་དཀའ་སྡུག་མྱོང་གི་རེད་ཅེས་བརྗོད་ནས་སྤྲོད་ཀྱི་མེད། ས་ཆ་དེ་དག་སྤྲད་ན་དམག་འཁྲུག་མཚམས་འཇོག་ཐུབ་ཀྱི་རེད་དམ་ཅེས་དྲིས་པས། སྲིད་བློན་གྱིས་ངས་ཡུག་རེན་གྱི་གྲངས་ཉུང་མི་རིགས་སྐོར་གླེང་སློང་བྱེད་འདོད་མེད། དེ་འདྲ་བཤད་ན་ཧང་གྷ་རིའི་གྲངས་ཉུང་མི་རིགས་ཡུག་རེན་འོག་ཡོད་པ་དག་དཀའ་སྡུག་ག་ཚོད་མྱོང་གི་ཡོད་རེད། འོན་ཀྱང་། དེ་རིང་ངེད་གཉིས་ཀྱི་གླེང་སློང་བྱེད་རྒྱུ་དེ་མ་རེད། ངས་ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་སྲིད་འཛིན་ཐུག་ནས་ཕྱོགས་གཉིས་ཀྱི་བསམ་ཚུལ་དང་། གྲོས་མོལ་ཡོང་ཐབས་ལ་ཐབས་ཤེས་ཡོད་མེད་བལྟས་པ་ཡིན། ད་ལྟ་འབྱུང་བཞིན་པའི་ཕྱོགས་གཉིས་ཀྱི་དམག་འཁྲུག་དེ་ལ་ཡུ་རོབ་ཀྱི་ངོས་ནས་ཞི་འཇམ་ཡོང་ཐབས་བྱས་ན་ཐབས་ལམ་ཡོད་པ་ཞིག་ངས་མཐོང་གི་འདུག རྒྱུ་མཚན་ནི་ད་ཆར་ཡུ་རོབ་ཀྱི་བདེ་འཇགས་ལ་ཧ་ཅང་གིས་ཉེན་ཁའི་གནས་སུ་ལྷུང་བཞིན་ཡོད། ཡུ་རོབ་རང་ཉིད་ཀྱི་བདེ་འཇགས་དང་མངོན་འདོད་རང་ཉིད་ཀྱིས་ཞིབ་མཇུག་ཡག་པོ་ཞིག་བྱས་པའི་ཐོག་ནས་སྲིད་བྱུས་ཤིག་མ་བཟུང་ན། མཐའ་མའི་དཀའ་ངལ་འཕྲད་མཁན་ང་ཚོ་རེད་ཅེས་བརྗོད།
གཙོ་སྐྱོང་བས་ཁྱེད་ཀྱིས་པུ་ཊིན་ཐུག་དུས་སྲིད་འཛིན་པུ་ཊིན་གྱི་ཕྱོགས་ནས་དམག་འཁྲུག་ཁྲོད་རྒྱལ་ཁ་ཐོབ་ཀྱི་ཡོད་ཚུལ་རྗོད་ཀྱི་འདུག་གམ་ཞེས་དྲིས། སྲིད་བློན་ནས་སྲིད་འཛིན་པུ་ཊིན་གྱིས་དམག་འཁྲུག་ཁྲོད་ཁོང་རང་ཉིད་ཀྱི་ཕྱོགས་སུ་རྒྱལ་ཁ་ཐོབ་ཀྱི་ཡོད་ཚུལ་དང་མ་འོངས་པར་རང་གི་འདོད་དོན་འགྲུབ་ཐུབ་རྒྱུ་ཡིན་པའི་དམིགས་ཡུལ་གསལ་པོ་འདུག པུ་ཊིན་གཅིག་པོ་མ་རེད། ཡུག་རེན་གྱི་སྲིད་འཛིན་ཡང་དམག་འཁྲུག་ཁྲོད་ཡུག་རེན་ཐོབ་རྒྱུ་ཡིན་པ་དང་། མ་འོངས་པར་ཨུ་རུ་སུའི་བཙན་འཛུལ་ལ་ཕམ་ཉེས་གཏོང་ཐུབ་རྒྱུའི་དམིགས་ཡུལ་ཆ་ཚང་ཡོད་འདུག་ཅེས་བརྗོད། གཙོ་སྐྱོང་བས། ཁྱོད་ཀྱིས་པུ་ཊིན་ལ་ཨུ་རུ་སུ་ཕྱོགས་ནས་དམག་མི་ག་ཚོད་ཤི་རྨས་འབྱུང་བཞིན་ཡོད་པ་དང་། དམག་མཚམས་འཇོག་རྒྱུའི་རེ་འདུན་བཏོན་ཡོད་དམ་ཞེས་དྲིས་པས། སྲིད་བློན་ནས་པུ་ཊིན་ལ་ཆ་ཚང་ལབ་པ་ཡིན། འོན་ཀྱང་། ཨུ་རུ་སུའི་དམག་མི་ཤི་རྨས་བྱུང་བའི་གྲངས་ཀ་ལས་ཡུག་རེན་མང་བ་བྱུང་ཡོད་ཚུལ་རྗོད་ཀྱི་འདུག གཞན་ཨུ་རུ་སུའི་དམག་མི་ག་ཚོད་གྲོངས་ཡོད་མེད་ལབ་ཀྱི་མི་འདུག་ཅེས་བརྗོད།
གཙོ་སྐྱོང་བས། ཨུ་རུ་སུས་བྱང་ཆིངས་སྒྲིག་འཛུགས་ལ་བཙན་འཛུལ་བྱེད་སྲིད་དམ་ཞེས་དྲིས། སྲིད་བློན་ནས་ཡུ་རོབ་ཕྱོགས་ནས་གང་བསམ་པ་དང་། འགྲེལ་བརྗོད་གང་བྱས་པ་དེ་དང་ཨུ་རུ་སུས་གང་བསམ་པ་གཉིས་འདྲ་ཡི་མ་རེད། རྒྱུ་མཚན་ནི་ཨུ་རུ་སུའི་རིག་གཞུང་དང་བསམ་ཚུལ། མངའ་ཁུལ་བདག་དབང་སོགས་ཚང་མ་ང་ཚོས་གང་བསམ་པ་དེ་དང་གཅིག་པ་མ་རེད། དེ་འདྲ་སོང་ཙང་ཨུ་རུ་སུས་བྱང་ཆིངས་སྒྲིག་འཛུགས་ལ་ནམ་ཡང་བཙན་འཛུལ་བྱེད་སྲིད་ཀྱི་མ་རེད། ང་ཚོ་ནི་འཛམ་གླིང་ནང་དམག་སྟོབས་ཆེ་ཤོས་ཡིན་དུས་སུས་ཀྱང་ཉེན་ཁ་བཟོ་འདོད་ཡོད་མ་རེད་ཅེས་བརྗོད། གཙོ་སྐྱོང་བས། མ་འོངས་པར་ཡུ་རོབ་ཀྱི་འགོ་ཁྲིད་ཚོ་ལ་ཁྱེད་ཀྱིས་ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་འགྲོ་ཁྲིད་དང་ཐུག་འཕྲད་བྱས་པའི་བསམ་ཚུལ་དང་ཉམས་མྱོང་རྣམས་བརྗོད་རྒྱུ་ཡིན་ནམ་ཞེས་དྲིས་པས། སྲིད་བློན་གྱིས་ངས་མ་འོངས་པར་ཉམས་མྱོང་ཚང་མ་བཤད་ནས་འབྱུང་འགྱུར་གྱི་ལོའི་ནང་། ཨ་རིའི་ལས་ཐོག་གི་སྲིད་འཛིན་ཡོད་པའི་སྐབས་སུ་ཡུ་རོབ་ཀྱི་ཕྱི་འབྲེལ་སྲིད་བྱུས་རྣམས་རང་སྐྱོང་ཞིག་བཟོ་ཐབས་བྱེད་རྒྱུ་ཡིན་ཞེས་བརྗོད།
གཙོ་སྐྱོང་བས། མ་འོངས་པར་ཨ་རིའི་སྲིད་འཛིན་འོས་མི་ཌོ་ནལ་ཊམ་སྲིད་འཛིན་ཆགས་སྲིད་དམ་ཞེས་དྲིས་པས། སྲིད་བློན་ནས་ཁོང་སྲིད་འཛིན་ཆགས་རྒྱུའི་བརྒྱ་ཆ་ཧ་ཅང་མཐོན་པོ་རེད་ཅེས་བརྗོད། གཙོ་སྐྱོང་བས། ཌོ་ནལ་ཊམ་ཨ་རིའི་སྲིད་འཛིན་ཆགས་ན། དམག་འཁྲུག་མཚམས་འཇོག་བྱེད་རྒྱུ་ཡིན་ཞེས་རྗོད་ཀྱི་ཡོད། ཁོས་དམག་འཁྲུག་མཚམས་འཇོག་བྱེད་ཐུབ་ཀྱི་རེད་དམ་ཅེས་དྲིས། སྲིད་བློན་ནས་ཌོ་ནལ་ཊམ་ཁོང་གི་རྒྱབ་ལྗོངས་ནི་ཚོང་ལས་ཡིན་དུས་ཁོང་ལ་ནུས་པ་ཡོད་རེད་བསམ་གྱི་འདུག ཁོང་དམག་འཁྲུག་ལ་མི་དགའ་མཁན་ཞིག་རེད། གྲོས་མོལ་དང་མཉམ་ལས་ཐོག་ནས་ལས་ཀ་བྱེད་རྒྱུ་ལ་དགའ་མཁན་ཞིག་ཡིན་དུས། ཁོང་སྲིད་འཛིན་ཡིན་པའི་ལོ་བཞིའི་རིང་འཛམ་གླིང་ནང་རྩོད་རྙོག་ཅན་གྱི་གནས་ཚུལ་མང་པོ་ཞིག་མེད་པར་བཟོས་ཡོད། ང་ཁོང་ལ་ཡིད་ཆེས་ཆེན་པོ་ཡོད། ཁོང་ཡོང་ན་མཇུག་འབྲས་ཡག་པོ་ཡོང་གི་རེད་བསམ་གྱི་འདུག་ཅེས་བརྗོད། གཙོ་སྐྱོང་བས། གལ་སྲིད་ཌོ་ནལ་ཊམ་ཨ་རིའི་སྲིད་འཛིན་ཆགས་ན་ཡུག་རེན་ལ་དམག་དོན་རོགས་རམ་རྣམས་བཀག་སྡོམ་བྱེད་སྲིད་དམ་ཞེས་དྲིས་པས། སྲིད་བློན་གྱིས། དེ་འདྲ་ཡོང་རྒྱུ་མ་རེད། ཁོང་མི་དེ་འདྲ་བྱེད་མཁན་ཞིག་མ་རེད། ཁོས་དམག་མཚམས་འཇོག་རྒྱུ་ལ་ཐབས་ཤེས་ཡོད་ཚད་བྱེད་ཀྱི་རེད་ཅེས་བརྗོད།
ཧང་གྷ་རིའི་སྲིད་བློན་གྱིས་ད་ཆར་ཡུ་རོབ་ཨ་རི་ཡིས་གང་བཤད་དང་གང་བྱེད་ལད་མོ་བྱེད་པ་ལས་རང་ཚུགས་མི་འདུག མ་འོངས་པར་ཡུ་རོབ་རང་ཉིད་ལ་རང་ཉིད་ཀྱི་མངོན་འདོད་དང་འབྲེལ་བའི་སྲིད་བྱུས་དང་ལངས་ཕྱོགས་ཤིག་དགོས་ཀྱི་འདུག་ཅེས་བརྗོད་སོང་།
གསར་འགོད་པ། བསོད་ནམས་ཕུན་ཚོགས།