ཧི་མ་ཅལ་མངའ་སྡེའི་འོས་བསྡུར་ཀོང་རི་སི་ཚོགས་པར་རྒྱལ་ཁ་ཐོབ་འདུག

ཕྱི་ལོ་༢༠༢༢ ཟླ་༡༢ ཚེས་༨ ཉིན་རྒྱ་གར་ཧི་མ་ཅལ་མངའ་སྡེའི་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་བྱས་ཡོད་པ་དང། མངའ་སྡེ་འདིར་གྲོས་ཚོགས་འཐུས་མི་གྲངས་༦༨ ཡོད་པའི་ནང་ནས་ཀོང་རི་སི་ཚོགས་པར་ཞབས་སྟེགས་༤༠ དང། བྷི་ཇེ་བྷི་ཚོགས་པར་ཞབས་སྟེགས་༢༥ གཞན་༣ བཅས་ཐོབ་ནས་ལོ་འདིར་ཀོང་རི་སི་ཚོགས་པར་གཞུང་འཛིན་གྱི་རྒྱལ་ཁ་ཐོབ་འདུག

ལོ་འདིའི་ཕྱི་ཟླ་༡༡ ཚེས་༡༢ རེས་གཟའ་སྤེན་པའི་ཉིན་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་འོས་བསྡུ་བྱས་ཡོད་པ་དང། ཧི་མ་ཅལ་མངའ་སྡེ་ནི་རྫོང་ཁག་བཅུ་གཉིས་ཙམ་ཡོད་པའི་ནང་དུ་མི་འབོར་ས་ཡ་༧ དང་འབུམ་༣ ལྷག་ལས་མེད་པའི་རྒྱ་གར་ནང་གི་མངའ་སྡེ་ཆུང་གྲས་ཤིག་ཡིན་པ་དང། ས་ཁོངས་ཀྱི་ཆ་ནས་བཤད་ན་སྤྱི་ལེ་གྲུ་བཞི་མ་༥༥༦༧༣ (55,673 square km).ཡོད་པ་རེད། མངའ་སྡེ་འདིར་དུས་རྒྱུན་འོས་བསྡུའི་སྐབས་ཀོང་རི་སི་(INC)ཚོགས་པ་དང་། བྷི་ཇེ་བྷི་(BJB)ཚོགས་པ་གཉིས་ཀྱིས་རེས་མོས་ལྟ་བུར་རྒྱལ་ཁ་ཐོབ་ཀྱི་ཡོད་པ་དང། ད་ལྟའི་ཆར་གཞུང་འཛིན་ཚོགས་པ་བྷི་ཇེ་བྷི་ཡིན་ནའང་། སྐབས་འདིའི་འོས་བསྡུའི་ནང་ཀོང་རི་སི་ཚོགས་པར་རྒྱལ་ཁ་ཐོབ་འདུག

ཧི་མ་ཅལ་མངའ་སྡེའི་འོས་བསྡུ་ནི་ལོ་ལྔ་རེའི་མཚམས་ཡིན་པ་དང། ཁ་སང་ཕྱི་ཟླ་༡༢ ཚེས་༨ ཉིན་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་ཁྱབ་བསྒྲགས་བྱས་པའི་ནང་། མངའ་སྡེའི་གྲོས་ཚོགས་འཐུས་མི་གྲངས་༦༨ ཡོད་པའི་ནང་ནས་༤༠ ཐམ་པ་ཀོང་རི་སི་ཚོགས་པ་དང། འཐུས་མི་གྲངས་༢༥ བྷི་ཇེ་བྷི་ཚོགས་པ། གཞན་འཐུས་མི་༣ བཅས་འོས་འདེམས་བྱུང་ཡོད་པ་རེད།

སྐབས་སྔོན་མ་ཕྱི་ལོ་༢༠༡༧ ལོའི་མངའ་སྡེའི་འོས་བསྡུའི་ནང་ད་ལྟའི་གཞུང་འཛིན་ཚོགས་པ་བྷི་ཇེ་བྷི་ལ་ཞབས་སྟེགས་གྲངས་༤༤ ཐོབ་ཡོད་པ་དང། ཀོང་རི་སི་ཚོགས་པར་ཞབས་སྟེགས་གྲངས་༢༡ གཞན་༣ བཅས་བྱུང་ཡོད་པ་དང། ད་ལྟའི་ཆར་ཀོང་རི་སི་ཚོགས་པའི་ངོས་ནས་ཧི་མ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་བློན་ཆེན་ཁག་སུ་ཡིན་མིན་གསལ་ཁ་བཏོན་པའི་གནས་ཚུལ་གང་ཡང་ཐོན་མི་འདུག་ནའང། དེ་རིང་མངའ་སྡེའི་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ནང་རྒྱལ་ཁ་ཐོབ་པའི་ཀོང་རི་སི་ཚོགས་པའི་འཐུས་མི་རྣམས་སིམ་ལར་འཛོམས་ཀྱི་ཡོད་པས། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སོགས་གཏན་འབེབས་བྱ་འཆར་ཡོད་འདུག

གཞན་ཡང་ཕྱི་ཚེས་༨ ཉིན་གུ་ཇུ་ར་ཏི་མངའ་སྡེའི་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་དང་ཁྱབ་བསྒྲགས་གནང་ཡོད་པ་དང། གུ་ཇུ་ར་ཏི་མངའ་སྡེའི་གྲོས་ཚོགས་འཐུས་མིའི་ཞབས་སྟེགས་གྲངས་༡༨༢ ཡོད་པའི་ནང་ནས་ད་ལྟའི་གཞུང་འཛིན་ཚོགས་པ་བྷི་ཇི་བྷི་ཚོགས་པར་ཞབས་སྟེགས་གྲངས་༡༥༦ ཐོབ་ཡོད་པ་དང། ཀོང་རི་སི་ཚོགས་པར་ཞབས་སྟེགས་གྲངས་༡༧ ཨ་ཨེམ་ཨ་ཏ་མི་ས་ཚོགས་པ་(Aam Aadmi Party)ཞབས་སྟེགས་གྲངས་༥ གཞན་༤ བཅས་ཐོབ་ཡོད་པའི་གནས་ཚུལ་ཡང་ཐོན་འདུག།།

སྤྱི་ཁྱབ་རྩོམ་སྒྲིག་པ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།