ཧིན་སྒོར་ས་ཡ་བཅུའི་མ་རྩ་མཐུན་འགྱུར་ཡོད་པའི་བོད་མིའི་ལས་འཆར་འགྲན་སྡུར།
བོད་མིའི་གཞོན་སྐྱེས་རྣམས་ལ་ལས་ཀའི་གོ་སྐབས་བསྐྲུན་པའི་ལས་འཆར་འགྲན་སྡུར་ལ་རྒྱལ་ཁ་ཐོབ་ཚེ་ཕྱི་ལོ་༢༠༡༩ ཟླ་༡༠ པའི་ཚེས་༢༥ ཉིན་ཧིན་སྒོར་ས་ཡ་བཅུའི་མ་རྩ་མཐུན་འགྱུར་གནང་རྒྱུ་ཡིན་འདུག
བོད་མིའི་གཞོན་སྐྱེས་རྣམས་ལ་ལས་ཀའི་གོ་སྐབས་བསྐྲུན་པའི་ལས་འཆར་འགྲན་སྡུར་ལ་རྒྱལ་ཁ་ཐོབ་ཚེ་ཕྱི་ལོ་༢༠༡༩ ཟླ་༡༠ པའི་ཚེས་༢༥ ཉིན་ཧིན་སྒོར་ས་ཡ་བཅུའི་མ་རྩ་མཐུན་འགྱུར་གནང་རྒྱུ་ཡིན་འདུག
ཕྱི་ལོ་༢༠༡༩ ཟླ་༤ ཚེས་༢ ཉིན་གྱི་སྔ་དྲོར་དྷ་ས་གངས་སྐྱིད་དཔལ་འབྱོར་ལས་ཁུངས་ཀྱི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་དང་ཨིན་ལེན་བོད་ཁང་ཐེབས་རྩ། ཁེ་ན་ཊ་མོན་ཁྲི་ཡོལ་ཁུལ་དུ་ཡོད་པའི་བོད་པའི་གསར་གཏོད་བཅས་ཀྱིས་མཉམ་འབྲེལ་ཐོག་ནས་ལས་གཞི་བཟོས་པའི་བོད་མིའི་གཞིས་ཆགས་ཁག་ནང་གི་གཞོན་སྐྱེས་རྣམས་ལ་ལས་ཀའི་གོ་སྐབས་བསྐྲུན་པའི་ལས་འཆར་འགྲན་སྡུར་ཞིག་དེ་རིང་ནས་འགོ་བཙུགས་པ་དང་། དེར་སྙན་ཞུ་འབུལ་རྒྱུའི་སྐོར་སོགས་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་དང་དྲུང་ཆེ་ཡེ་ཤེས་དབང་མོ། དྲ་རྒྱ་བརྒྱུད་ནས་ཨིན་ལེན་དོན་གཅོད་ཟུར་པ་དང་བོད་ཀྱི་གསར་གཏོད་ཚོགས་པའི་འགན་འཛིན་ཐུབ་བསྟན་བསམ་འགྲུབ་བཅས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་། སྐབས་དེར་དཔལ་འབྱོར་བཀའ་བློན་གྱིས་ལས་གཞི་དེའི་སྐོར་གསུང་དོན་ལ།
ལས་གཞི་དེ་ནི་བཙན་བྱོལ་ནང་གི་གཞིས་ཆགས་སྲ་བརྟན་དང་དཔལ་འབྱོར་ཡོང་འབབ། དགོན་སྡེ་དང་སློབ་གྲྭ་སོགས་ཤེས་ཡོན་གྱི་ལྟེ་གནས་རྣམས་རྒྱུན་གནས་ཡོང་ཕྱིར་དང་། དེ་བཞིན་བོད་མིའི་གཞིས་ཆགས་ཁག་གི་གཞོན་སྐྱེས་རྣམས་གཞིས་ཆགས་རང་དུ་ལས་ཀ་བྱས་ནས་འཚོ་ཐབ་ཆེད་སོགས་གཙོ་བོ་ཡིན་སྐོར་དང་། ལས་འཆར་གྱི་འགྲན་སྡུར་དེར་མཉམ་ཞུགས་གནང་མཁན་ས་ཆ་གང་དུ་ཡོད་ཀྱང་ཁྱད་མེད་པར་རང་བཙན་ལག་དེབ་ཡོད་པའི་རང་ལོ་༡༨ ཡན་གྱི་བོད་པ་སུ་ཞིག་ཡིན་ཡང་ཆོག་རུང་། ལས་འཆར་དེ་སྤེལ་ས་རྒྱ་གར་ལ་ཡོད་པའི་གཞིས་ཆགས་རང་དུ་ཡིན་དགོས་པ་དང་དམིགས་ཡུལ་ཡང་གཞིས་ཆགས་རང་གི་གཞོན་སྐྱེས་རྣམས་ལ་ལས་ཀའི་གོ་སྐབས་བསྐྲུན་ཏེ་གཞིས་ཆགས་སྲ་བརྟན་དང་རྒྱུན་གནས་ཐོབ་ཕྱིར་ཡིན་པ། གཞན་ཡང་ལས་འཆར་དེ་རྒྱ་གར་གྱི་ཁྲིམས་མཐུན་ཡིན་པ་དང་ཉུང་མཐར་གཞིས་ཆགས་ཀྱི་བོད་མི་གཞོན་སྐྱེས་༢༠ ལ་གླ་ཕོགས་མཐོན་པོ་ཡོད་པའི་ལས་ཀའི་གོ་སྐབས་སྤྲད་ཐུབ་པའི་འཆར་གཞི་ཡོད་མཁན་ལ་ལས་འཆར་དེའི་མ་དངུལ་ཧིན་སྒོར་ས་ཡ་བཅུ་མཐུན་འགྱུར་གནང་རྒྱུ་ཡིན་ཚུལ་སོགས་དང་།
ལས་འཆར་འགྲན་བསྡུར་ནང་མཉམ་ཞུགས་གནང་མཁན་རྣམས་ཀྱིས་སྙན་ཞུ་འབུལ་རྒྱུའི་དུས་ཚོད་ནི་དེ་རིང་ནས་ཕྱི་ཟླ་༨ པའི་ཚེས་༡ བར་ཡིན་པ་དང་། ཕྱི་ཟླ་༩ པའི་ཚེས་༢༠ ལ་དཔལ་འབྱོར་ལས་ཁུངས་ཀྱི་ཡར་ཐོན་ཚོང་ལས་རབ་འདེགས་ཚན་པ་དང་བོད་པའི་གསར་གཏོད་ཚོགས་པ་གཉིས་ཐུན་མོང་གི་ཐོག་ནས་ཐ་མའི་ལས་འཆར་སྙན་ཞུ་བཅུ་བདམས་ཏེ། ཉིན་དེར་ཡོངས་ཁྱབ་གསལ་བསྒྲགས་གཏང་རྒྱུ་ཡིན་པ་དང་། ཕྱི་ཟླ་༡༠ པའི་ཚེས་༢༠ ལ་བདམས་ཐོན་བྱུང་བའི་ལས་འཆར་སྙན་ཞུ་བཅུའི་དོ་བདག་རྣམས་རྡ་རམ་ས་ལ་འབྱོར་དགོས་ཤིང་། ཕྱི་ཟླ་༡༠ པའི་༢༡ དང་༢༢ ལ་ཕྱི་ལོགས་ཀྱི་གཟུར་དཔང་གདན་འདྲེན་ཞུས་ཏེ། གཟུར་དཔང་མདུན་ལ་དོ་བདག་མི་བཅུ་སོ་སོའི་འཆར་གཞི་ཚད་ལྡན་དང་ཕུགས་ཅན་ཡོད་མེད། གཞིས་ཆགས་ཀྱི་སྲ་བརྟན་ལ་ཕན་གྱི་ཡོད་མེད། བོད་མིའི་གཞོན་སྐྱེས་ཉུང་མཐར་མི་༢༠ལ་ལས་ཀའི་གོ་སྐབས་སྐྲུན་ཐུབ་ཀྱི་ཡོད་མེད་བཅས་ཀྱི་དམིགས་ཚད་བསྡུར་ཏེ། དེ་ནས་གཟུར་དཔང་བས་དཔྱད་པ་བྱས་པའི་ཐོག་ནས་ཐ་མར་སུ་བདམས་ཐོན་བྱུང་བ་དེར་ཕྱི་ཟླ་༡༠ པའི་ཚེས་༢༥ ལ་ཡོངས་ཁྱབ་གསལ་བསྒྲགས་བྱེད་ཀྱི་ཡིན་ཚུལ་སོགས་གསུངས་སོང་།
བོད་པའི་གསར་གཏོད་ཀྱི་འགན་འཛིན་ཐུབ་བསྟན་བསམ་འགྲུབ་ལགས་ནས་ལས་འཆར་དང་འབྲེལ་བའི་སྐོར་གསུང་དོན།
བོད་པའི་གསར་གཏོད་ཅེས་པ་དེ་བཙུགས་ནས་ལོ་བཅུ་ལྷག་ཕྱིན་པ་དང་དེ་འཛུགས་དགོས་པའི་རྒྱུ་མཚན་ཡང་གཞིས་ཆགས་སྲ་བརྟན་ཆེད་དུ་གཅིག་པུར་དམིགས་ནས་བཙུགས་པ་མིན་པར། བསམ་མནོ་གསར་པ་དང་ཐབས་ཤེས་གསར་པ་ཅན་གྱི་བོད་པའི་ལས་འགུལ་ག་རེ་ཡོད་པ་དེའི་ཆེད་དུ་བཙུགས་ཤིང་། དེ་དང་མཉམ་དུ་ཆབ་སྲིད་དང་ཚོང་འབྲེལ་གྱི་ལས་རིགས་དེ་འདྲ་བྱ་རྒྱུའི་བསམ་བློ་ཁེལ་ནས་བཙུགས་པ་ཡིན་སྐོར་དང་། ༢༠༠༩ ༧གོང་ས་མཆོག་ཁེ་ཎ་ཊར་ཆིབས་བསྒྱུར་ཞིག་གི་སྐབས་སུ་གཞིས་ཆགས་སྟོང་ཉེན་ཡོད་པས་དེ་ལ་ཐབས་ཤེས་ག་རེ་ཡོད་མེད་སྐོར་སོགས་བཀའ་མོལ་ཕེབས་རྗེས། ཐུབ་བསྟན་བསམ་འགྲུབ་ལགས་ཀྱིས་གཞིས་ཆགས་ནང་གི་ལས་འཆར་འདིའི་ཐོག་ཏུ་བསམ་མནོ་བཏང་སྟེ། རྒན་པ་རྣམས་རྫོགས་འགྲོ་བ་དང་གཞོན་པ་རྣམས་ཕྱི་ལ་དོན་ན་གཞིས་ཆགས་རང་བཞིན་གྱིས་སྟོང་པ་ཆགས་འགྲོ་བས་གཞིས་ཆགས་ནང་གི་བོད་ཀྱི་གཞོན་སྐྱེས་རྣམས་ཕྱི་ལ་དོན་མི་དགོས་པར་སོ་སོའི་གཞིས་ཆགས་རང་དུ་ལས་གླ་མཐོན་པོ་ཡོད་པའི་ལས་ཀའི་གོ་སྐབས་ཤིག་སྐྲུན་ཐུབ་ན་སྙམ་ནས་ལས་འཆར་གྱི་ལས་གཞི་འདི་བསམ་མནོ་འཁོར་ཚུལ་སོགས་དང་། ད་ལྟ་གཞིས་ཆགས་ནང་ལ་སོ་སོའི་ཕྲུ་གུ་འཚར་ལོངས་བྱེད་ཡ་དང་ཕ་མ་རྒན་འཁོགས་ལ་ལྟ་རྟོགས་བྱེད་པའི་འདུན་པ་ཡོད་མཁན་ཞིག་ཡོད་ཀྱང་། གཞིས་ཆགས་ནང་ལ་ལས་གླ་ཡག་པོ་ཅན་གྱི་ལས་ཀ་བྱེད་ས་ཞིག་མེད་དུས་མང་ཆེ་ཤོས་གཞིས་ཆགས་བཞག་ཅིང་མར་དོན་དགོས་ཚུལ་དང་། དེའི་ཐོག་ན་ཐབས་ཤེས་ཡག་ཤོས་དེ་གཟེངས་རྟགས་ཟེར་ནའང་དངུལ་དམར་བྱ་དགའ་དེ་ཆེ་ཙམ་ཞིག་བཞག་སྟེ། དཔལ་འབྱོར་གྱི་རྒྱབ་རྟེན་མེད་མཁན་སུ་ཞིག་ཡིན་ཡང་གསར་གཏོད་ཀྱི་ཐོག་ནས་ཐབས་ལམ་དང་འཆར་གཞི་གསར་པ་ཞིག་འདེང་ཐུབ་ན་སྙམ་པ་དེ་ཁོང་རྣམས་ཀྱི་རེ་བ་ཡིན་ཚུལ་དང་། དེ་ཡང་ང་རང་ཚོ་མང་པོ་ཞིག་གི་བསམ་མནོའི་ནང་ཡང་མེད་པ་ཞིག་དོན་གྱི་རེད་སྙམ་པའི་ཡིད་ཆེས་ཡོད་སྐོར། གཞན་ཡང་དེ་རིང་གི་འགྲན་བསྡུར་ཆེན་པོ་དེ་གཅིག་ནི་དངུལ་འབོར་ཆེན་པོ་ཡིན་པར་བརྟེན། “ཁེ་ལས་པ་ཞིག་གི་སོ་སོའི་ཚོང་གི་ཐོག་ནས་ཁེ་བཟང་བཟོ་ཡ་ཙམ་མིན་པ་ང་ཚོའི་སྤྱི་ཚོགས་རང་གི་ནང་ནས་ཁ་ཡོད་ལག་ཡོད་ཕུགས་རྒྱང་རིང་པོའི་ཐོག་ནས་ཕན་ཐོགས་ཡོད་པ་ཞིག་ཡོང་གི་རེད་བསམ་པ་ང་ཚོའི་རེ་བ་འདྲ་བོ་དེ་འདྲའི་བརྒྱབ་ཡོད་”སོགས་གསུངས་སོང་།།
གསར་འགོད་པ་བསྟན་འཛིན་ལམ་བཟང་།