ཧོང་ཀོང་གཞུང་གིས་ངོ་རྒོལ་ལས་འགུལ་སྐབས་སུ་གདོང་ཁེབ་གྱོན་མི་ཆོག་པའི་ཁྲིམས་བཟོས་འདུག 

ཧོང་ཀོང་ནང་གཞོན་སྐྱེས་གཙོས་པའི་མི་མང་གི་མང་གཙོའི་ངོ་རྒོལ་ལས་འགུལ་ཆེན་མོ་འགོ་བཙུགས་ནས་ཟླ་བ་༤ ལྷག་འགྲོ་བཞིན་པ་དང་བསྟུན། ཧོང་ཀོང་གཞུང་གིས་སྔར་དབྱིན་ཇིའི་མངའ་འོག་སྐབས་ཀྱི་ཁྲིམས་ཤིག་བེད་སྤྱད་ནས། ངོ་རྒོལ་ལས་འགུལ་སྐབས་སུ་མི་མང་གིས་གདོང་ཁེབ་གྱོན་མི་ཆོག་པའི་ཁྲིམས་གཏན་འབེབས་བྱས་འདུག 

ཧོང་ཀོང་ནང་གཞོན་སྐྱེས་གཙོས་པའི་མི་མང་གི་མང་གཙོའི་ངོ་རྒོལ་ལས་འགུལ་ཆེན་མོ་འགོ་བཙུགས་ནས་ཟླ་བ་༤ ལྷག་འགྲོ་བཞིན་པ་དང་བསྟུན། ཧོང་ཀོང་གཞུང་གིས་སྔར་དབྱིན་ཇིའི་མངའ་འོག་སྐབས་ཀྱི་ཁྲིམས་ཤིག་བེད་སྤྱད་ནས། ངོ་རྒོལ་ལས་འགུལ་སྐབས་སུ་མི་མང་གིས་གདོང་ཁེབ་གྱོན་མི་ཆོག་པའི་ཁྲིམས་གཏན་འབེབས་བྱས་འདུག 

ཟླ་༡༠ པའི་ཚེས་༤ ཉིན་ཧོང་ཀོང་གི་སྤྱི་ཁྱབ་དཔོན་ལྕམ་ཁཱེ་རི་ལམ་གྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས། ཧོང་ཀོང་གི་འཛིན་སྐྱོང་ལྷན་ཚོགས་འཚོགས་ནས་ཐག་གཅོད་བྱུང་བ་ལྟར། ཧོང་ཀོང་ནང་ངོ་རྒོལ་ལས་འགུལ་སྐབས་སུ་དྲག་པོའི་གནད་དོན་མི་ཡོང་བའི་ཆེད་དུ། མི་མང་ལས་འགུལ་བ་ཚོས་གདོང་ཁེབ་གྱོན་མི་ཆོག་པའི་ཁྲིམས་གཏན་འབེབས་བྱས་ཡོད་པ་དང་། ཁྲིམས་དེ་ཡང་སྔར་དབྱིན་ཡུལ་གྱི་མངའ་འོག་ཏུ་ཡོད་པའི་སྐབས་སུ་ཛ་དྲག་སྟངས་འཛིན་ཁྲིམས་ཡིག་ཅེས་པའི་ནང་། ཧོང་ཀོང་ནང་དུ་ཛ་དྲག་གནས་སྟངས་དང་མི་མང་ལ་ཉེན་ཚབས་ཆེན་པོ་ཡོད་པའི་གནས་སྟངས་སྐབས་སུ། སྤྱི་ཁྱབ་དཔོན་ལ་དབང་ཆ་ཚད་མེད་སྤྲད་ཡོད་འདུག་པས། ཐེངས་འདིར་ཧོང་ཀོང་གི་ཁྲིམས་བཟོ་ལྷན་ཚོགས་སམ་གྲོས་ཚོགས་ལ་བསྟུན་མི་དགོས་པར། སྤྱི་ཁྱབ་དཔོན་གྱིས་ཁྲིམས་དེ་གཏན་འབེབས་བྱས་པ་ཡིན་འདུག 

 ཁྲིམས་དེ་ཕྱི་ལོ་༡༩༢༢ ལོར་བཟོས་ཤིང་ཕྱི་ལོ་༡༩༦༧ ལོར་བེད་སྤྱོད་བྱས་ཡོད་པ་ལས། ད་བར་བེད་སྤྱོད་བྱས་མྱོང་མེད་པ་རེད་འདུག 

ལྕམ་ཁཱེ་རི་ལམ་གྱིས་ཟླ་༦ པ་ནས་ད་བར་ངོ་རྒོལ་ལས་འགུལ་ཁྲོད་དུ་མི་མང་༡༡༠༠ ལ་རྨས་སྐྱོན་ཕོག་ཡོད་པ་དང་། དེའི་ཁྲོད་ཉེན་རྟོག་པ་༣༠༠ ཡོད་པ་དང་། ངོ་རྒོལ་ལས་འགུལ་རྐྱེན་པས་ཧོང་ཀོང་མི་མང་གི་ཉིན་རེའི་འཚོ་བ་ལ་འགོག་རྐྱེན་ཆགས་བཞིན་ཡོད་ཁར། བརྟན་ལྷིང་དང་ཞི་བདེ་སྲུང་སྐྱོབ་བྱེད་མཁན་ཉེན་རྟོག་པར་ཧོང་ཀོང་གཞུང་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ། ཉེ་བའི་ཆར་ཧོང་ཀོང་ནང་དྲག་པོའི་གནད་དོན་ཚབས་ཆེ་རུ་སོང་ནས། ཉེན་རྟོག་པ་ཞིག་གིས་རང་ཉིད་སྲུང་སྐྱོབ་ཆེད་དུ་ངོ་རྒོལ་བ་ཞིག་ལ་མེ་མདའ་རྒྱག་དགོས་ཁེལ་ཡོད་པ་སོགས་ལས། ཧོང་ཀོང་ནང་དྲག་པོའི་བྱ་སྤྱོད་ཚབས་ཆེ་རུ་འགྲོ་བཞིན་ཡོད་པས། དྲག་སྤྱོད་བཀག་འགོག་ཡོང་ཆེད་དུ་གདོང་ཁེབ་གྱོན་མི་ཆོག་པའི་ཁྲིམས་གཏན་འབེབས་བྱེད་རྒྱུ་གལ་ཆེན་ཆགས་ཡོད་པ་དང་། ཐག་གཅོད་དེ་ལས་སླ་པོའི་ཐོག་ནས་བྱས་མེད་པ། འོན་ཀྱང་ཧོང་ཀོང་དེ་ཛ་དྲག་གི་གནས་སྟངས་འོག་ཡོད་པ་ངོས་འཛིན་བྱས་མེད་སྐོར་བརྗོད་འདུག ལས་འགུལ་བ་ཁག་ཅིག་གིས་ཛ་དྲག་གནས་སྟངས་ཀྱི་ཁྲིམས་དེ་བེད་སྤྱོད་བྱས་ཟིན་པར་བརྟེན། མ་འོངས་པར་དེ་བེད་སྤྱད་ནས་དྲག་གནོན་དང་དམ་དྲག་ཤུགས་ཆེ་རུ་གཏོང་བའི་ཉེན་ཁ་ཡོད་ཚུལ་བརྗོད་བཞིན་འདུག 

ཁྲིམས་དེ་ཟླ་༡༠ པའི་ཚེས་༥ ཉིན་ཧོང་ཀོང་གཞུང་འབྲེལ་གསར་ཤོག་སྟེང་དུ་པར་སྐྲུན་བྱས་ཟིན་རྗེས་ནུས་ཡོད་ཆགས་ཀྱི་ཡོད་འདུག་པ་དང་། དེ་ལ་གཞིགས་ན་ཁྲིམས་མཐུན་གྱི་ལས་འགུལ་དང་གོམས་བགྲོད། ཁྲིམས་མཐུན་མིན་པའི་མི་མང་འདུ་འཛོམས། ཆོག་མཆན་མེད་པའི་མི་མང་འདུ་འཛོམས་དང་ཟིང་འཁྲུག་སྐབས་སུ། མི་མང་ངོ་རྒོལ་བ་ཚོས་གདོང་པ་ཆ་ཚང་དང་ཕྱེད་ཀ་བཏུམ་ཆོག་གི་མེད་པ་དང་། དེ་ཡང་གདོང་ལ་རས་དང་དུག་རླང་འགོག་བྱེད་སོགས་ཀྱི་ཁེབ་གིས་བཏུམ་ཆོག་གི་མེད་པའི་ཐོག་ཚོན་མདོག་ཀྱང་བྱུག་ཆོག་གི་མེད་འདུག གལ་ཏེ་ཁྲིམས་དེ་འགལ་ཚེ་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཆད་དང་ཧོང་ཀོང་སྒོར་༢༥༠༠༠ ཉེས་ཆད་འཕོག་སྲིད་པ་རེད་འདུག དེ་བཞིན་ཉེན་རྟོག་པའི་གདོང་ཁེབ་མར་ཕུད་དགོས་པའི་བཀའ་ལ་རྩིས་མེད་བྱས་ཚེ། ཟླ་བ་དྲུག་གི་བཙོན་འཇུག་ཁྲིམས་ཆད་དང་ཧོང་ཀོང་སྒོར་༡༠༠༠༠ ཡི་ཉེས་ཆད་འཕོག་སྲིད་པ་རེད་འདུག ཁྲིམས་དེ་ལས་འགུལ་སྐབས་སུ་ཆེད་ལས་པ་དང་གླ་ཆ་ཡོད་པའི་ལས་ཀ་བྱེད་མཁན། དེ་བཞིན་འཕྲོད་བསྟེན་དང་ཆོས་ལུགས་ཀྱི་རྒྱུ་མཚན་ཡོད་མཁན་རྣམས་ལ་ཁྱབ་ཀྱི་མེད་སྐོར་བརྗོད་འདུག 

ཧོང་ཀོང་གི་གཞུང་འབྲེལ་མིན་པའི་ཚོགས་པ་༥༠ ཡོད་པའི་སྤྱི་དམངས་འགྲོ་བ་མིའི་ཐོབ་ཐང་མཐུན་ཕྱོགས་ཀྱིས། ཛ་དྲག་སྟངས་འཛིན་ཁྲིམས་ཡིག་དེ་ནི་བཙན་གནོན་གྱི་ཁྲིམས་ཤིག་ཡིན་པ་དང་། དེ་ཐེངས་ཤིག་བེད་སྤྱོད་བྱས་རྗེས་ཧོང་ཀོང་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དེ་འཆི་ཟིན་པ་དང་། ཧོང་ཀོང་དེ་རྒྱ་ནག་གི་བཙན་འོག་ཏུ་ཡོད་པ་གསལ་བསྒྲགས་བྱས་པ་ཡིན་པ་དང་། ཧོང་ཀོང་གཞུང་གིས་མི་མང་ལ་བཙན་གནོན་བྱེད་པར་བཀག་འགོག་ཡོང་ཆེད་དུ། དབྱིན་ཇིའི་མི་སེར་སྤེལ་བའི་དུས་སྐབས་ཀྱི་ཁྲིམས་དེ་མེད་པ་བཟོ་དགོས་སྐོར་བརྗོད་ནས། གདོང་ཁེབ་བཀག་འགོག་གི་ཁྲིམས་དེ་ལག་བསྟར་བྱེད་འགོ་བཙུགས་རྗེས། མི་སྒེར་གྱི་བདེ་འཇགས། སྨྲ་བརྗོད་རང་དབང་། ཆོས་ལུགས་རང་དབང་སོགས་ལ་ཉེན་ཚབས་ཡོད་སྐོར། དེ་བཞིན་གདོང་ཁེབ་གྱོན་རྒྱུ་མཚམས་འཇོག་དགོས་མཁན་དང་པོ་ནི་ཉེན་རྟོག་པ་རྣམས་ཡིན་པ་དང་། ལས་འགུལ་བ་ཚོས་གདོང་ཁེབ་རྣམས་དུག་རླང་ནས་སྲུང་སྐྱོབ་དང་ཆབ་སྲིད་ཀྱི་རྣམ་པ་སྟོན་ཆེད་ཡིན་པས། གཞུང་གིས་མི་མང་གི་དགོས་འདུན་བཏོན་པ་སྒྲུབ་དགོས་པ་ལས། དྲག་གནོན་ཤུགས་ཆེ་རུ་གཏོང་རྒྱུ་མེད་སྐོར་བརྗོད་འདུག 

ཧོང་ཀོང་ནང་གི་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་གསར་ཤོག་གཅིག་གི་ཐོག་ཏུ། གཞུང་གི་འབྲེལ་ཡོད་ལས་བྱེད་གཅིག་གིས་མི་མང་ངོ་རྒོལ་བ་ཚོས་ཁྲིམས་གསར་པ་དེར་བརྩི་སྲུང་བྱེད་རྒྱུ་མིན་པ་ཚོད་དཔག་བྱེད་བཞིན་ཡོད་ཀྱང་། ཁྲིམས་དེ་ལ་བརྟེན་ནས་ལས་འགུལ་བ་ཁག་ཅིག་བཀག་འགོག་ཡོང་སྲིད་སྐོར་བརྗོད་འདུག 

དེ་ཡང་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་འགོ་འཛུགས་བྱས་ནས་ལོ་ངོ་༧༠ འཁོར་བའི་ཉིན་དེར། ཧོང་ཀོང་ནང་ལས་འགུལ་བ་དང་ཉེན་རྟོག་པའི་བར་དྲག་པོའི་གདོང་ཐུག་བྱུང་སྐབས། ཉེན་རྟོག་པ་ཞིག་གིས་ལས་འགུལ་བ་ལོ་ན་༡༨ ཡིན་པའི་སློབ་མ་ཞིག་གི་བྲང་ཁར་མེ་མདའ་བརྒྱབ་ཡོད་པས། མི་མང་གི་ཁོང་ཁྲོ་ཆེ་རུ་སོང་ཡོད་པ་དང་། གནད་དོན་དེ་ལ་བརྟེན་ནས་ཧོང་ཀོང་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་སྲིད་པའི་སེམས་འཚབ་བྱེད་མཁན་ཡང་མང་པོ་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།