ཧོང་ཀོང་གཞུང་གིས་རྩོད་རྙོག་ཅན་གྱི་ཁྲིམས་འཆར་དུས་འགྱངས་བྱས་འདུག
དོགས་ཡོད་ཉེས་ཅན་པ་ཧོང་ཀོང་ནས་རྒྱ་ནག་ལ་རྩིས་སྤྲོད་ཆོག་པའི་ཁྲིམས་འཆར་དེར། ཧོང་ཀོང་གི་མི་མང་སྡེ་ཚན་འདྲ་མིན་གྱིས་ངོ་རྒོལ་ཤུགས་ཆེན་བྱས་པར་བརྟེན། ཧོང་ཀོང་གཞུང་གིས་ཁྲིམས་འཆར་དེ་གྲོས་ཚོགས་ནང་དུ་བགྲོ་གླེང་དང་འོས་བསྡུ་བྱེད་པའི་ལས་དོན་དེ་དུས་འགྱངས་བྱས་འདུག
ཟླ་༦ པའི་ཚེས་༡༥ ཉིན་ཧོང་ཀོང་གི་སྤྱི་ཁྱབ་དཔོན་ལྕམ་ཁཱེ་རི་ལཱམ་གྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས། རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་ཧོང་ཀོང་གྲོས་ཚོགས་འཐུས་མི་ཚོས། ཁོང་ལ་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་དུས་འགྱངས་བྱེད་པའི་རེ་སྐུལ་བྱས་ཡོད་པས། གྲོས་ཚོགས་ནང་ཁྲིམས་འཆར་དེའི་ཐོག་གི་བགྲོ་གླེང་དང་འོས་བསྡུའི་ལས་རིམ་དུས་འགྱངས་བྱེད་རྒྱུ་ཡིན་པ་དང་། དེ་བཞིན་དུས་འགྱངས་བྱེད་པའི་རྒྱུ་མཚན་གཞན་ཞིག་ནི། ཁྲིམས་འཆར་དེ་ལ་བརྟེན་ནས་ཧོང་ཀོང་ནང་ངོ་རྒོལ་དང་རྩོད་རྙོག་ཆེ་རུ་མི་འགྲོ་ཆེད་ཡིན་སྐོར་བརྗོད་འདུག ཁོང་གིས་མ་འོངས་པར་ལས་དོན་དེའི་ཐོག་མདུན་བསྐྱོད་བྱེད་པར། ཐོག་མར་མི་མང་ནས་བསམ་ཚུལ་བསྡུ་ལེན་བྱེད་རྒྱུ་ཡིན་པ་དང་། དེ་བཞིན་གྲོས་ཚོགས་ཚོགས་དུས་འདིའི་རིང་ཁྲིམས་འཆར་དེ་གཏན་འབེབས་དགོས་པའི་ཛ་དྲག་གི་གནས་སྟངས་མེད་པ་ཆགས་ཡོད་སྲིད་སྐོར་བརྗོད་འདུག
དེ་ཡང་ཁྲིམས་འཆར་དེ་གྲོས་ཚོགས་ནང་བགྲོ་གླེང་མི་ཡོང་ཆེད། ཧོང་ཀོང་སློབ་མ་གཙོས་པའི་མི་མང་གིས་གྲོས་ཚོགས་ལས་ཁང་མཐའ་བསྐོར་བ་དང་། གཡས་གཡོན་གྱི་རྒྱ་ལམ་ཐོག་ཏུ་ཐོན་ནས་ལམ་ཁ་བཀག་པ་སོགས་ཀྱི་ངོ་རྒོལ་ལས་འགུལ་སྤེལ་ནས། གྲོས་ཚོགས་ཉིན་༣ རིང་འཚོགས་ཐུབ་མེད་ཁར། ཉེན་རྟོག་པ་དང་ལས་འགུལ་བའི་བར་གདོང་ཐུག་བྱུང་ནས་མི་མང་པོ་ཞིག་ལ་རྨས་སྐྱོན་བཟོས་ཡོད་པའི་གནས་ཚུལ་ལྷག་སྟེ། ཧོང་ཀོང་མི་མང་དང་རྒྱལ་སྤྱིའི་ནང་གནད་དོན་དེའི་ཐོག་སྐྱོན་བརྗོད་བྱེད་མཁན་ཤུགས་ཆེན་བྱུང་ཡོད་པ་རེད།
རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་ཧོང་ཀོང་གི་ཚགས་ཤོག་གཅིག་གི་སྟེང་དུ། ཟླ་༦ པའི་ཚེས་༡༤ ཉིན་ཧོང་ཀོང་གི་སྤྱི་ཁྱབ་དཔོན་ལྕམ་ཁཱེ་རི་ལཱམ་དང་རྒྱ་ནག་གི་སྲིད་བློན་གཞོན་པ་ཧན་ཀྲེང་གཉིས། ཧོང་ཀོང་གི་འགྲམ་དུ་ཡོད་པའི་རྒྱ་ནག་གི་གྲོང་ཁྱེར་ཞིག་ཏུ་ཐུག་འཕྲད་བྱས་ནས་གྲོས་བསྡུར་བྱས་ཡོད་འདུག་པ་དང་། དེའི་རྗེས་སུ་ཁོང་དང་ཧོང་ཀོང་གི་དཔོན་རིགས་རྣམས་ཚོགས་འདུ་འཚོགས་ཡོད་པ་རེད་འདུག
ཁྲིམས་འཆར་དེ་དུས་འགྱངས་བྱས་ཡོད་མེད་ལ་མ་ལྟོས་པར། ཟླ་༦ པའི་ཚེས་༡༦ ཉིན་ཧོང་ཀོང་ནང་ཁྲིམས་འཆར་དེ་དང་ཉེན་རྟོག་པས་ལས་འགུལ་བ་རྣམས་ལ་དྲག་སྤྱོད་སྤེལ་ནས། ངོ་རྒོལ་ལས་འགུལ་དེར་ཟིང་འཁྲུག་ལ་ངོས་འཛིན་བྱས་པར་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན་འདུག
ཧོང་ཀོང་མི་མང་གིས་ཁྲིམས་འཆར་དེ་ཕྱིར་འཐེན་བྱེད་པའི་དགོས་འདུན་བཏོན་ཡོད་ཀྱང་། ད་ལྟའི་ཆར་དུས་འགྱངས་ལས་ཕྱིར་འཐེན་བྱས་མེད་པ་རེད། ཧོང་ཀོང་སྤྱི་ཁྱབ་དཔོན་གྱིས་ཁྲིམས་འཆར་དེའི་ནང་སྐྱོན་ཆ་ཁག་ཅིག་ཡོད་པ་ངོས་ལེན་བྱས་ཏེ། དེ་ཚོ་ཡར་རྒྱས་གཏོང་རྒྱུ་ཡིན་པ་ལས། ཁྲིམས་འཆར་དེ་ཕྱིར་འཐེན་བྱེད་པའི་གནས་བབ་ལ་སླེབས་མེད་པ་དང་། གལ་ཏེ་དེ་ལྟར་བྱས་ཚེ་ཁྲིམས་འཆར་དེ་དགོས་ངེས་ཤིག་མིན་པའི་བརྡ་ལན་སྤྲོད་རྒྱུ་ཡིན་སྐོར་བརྗོད་འདུག ཁོང་གིས་ད་ལྟ་ཡང་ཁྲིམས་འཆར་དེ་ནི་དགོས་ངེས་ཤིག་ཡིན་པའི་ནན་བཤད་བྱས་ཏེ། འོན་ཀྱང་དེ་ལ་བརྟེན་ནས་ཧོང་ཀོང་ནང་འགལ་ཟླ་ཆེན་པོ་ཆགས་ཡོད་པས། ཞི་བདེ་དང་བརྟན་བརླིང་བསྐྱར་གསོ་བྱེད་ཆེད་ཁྲིམས་འཆར་དེ་དུས་འགྱངས་བྱེད་རྒྱུ་ཡིན་སྐོར་བརྗོད་བཞིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།