ཧོང་ཀོང་གཞུང་གིས་ལས་འགུལ་བ་ཞིག་འོས་འགྲན་བྱེད་དུ་བཅུག་མི་འདུག 

ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་གྲགས་ཅན་ཇོ་ཤེ་ཝ་ཝོང་ལ། སླེབས་ལ་ཉེ་བའི་ཧོང་ཀོང་རྫོང་ཁག་གི་གྲོས་ཚོགས་འོས་བསྡུར་འོས་མིར་ལངས་བར་འོས་ཆོས་ཚང་མེད་པ་ཐག་གཅོད་བྱས་ཏེ། འོས་འགྲན་བྱེད་དུ་བཅུག་མི་འདུག 

ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་གྲགས་ཅན་ཇོ་ཤེ་ཝ་ཝོང་ལ། སླེབས་ལ་ཉེ་བའི་ཧོང་ཀོང་རྫོང་ཁག་གི་གྲོས་ཚོགས་འོས་བསྡུར་འོས་མིར་ལངས་བར་འོས་ཆོས་ཚང་མེད་པ་ཐག་གཅོད་བྱས་ཏེ། འོས་འགྲན་བྱེད་དུ་བཅུག་མི་འདུག 

ཟླ་༡༠ པའི་ཚེས་༢༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་༡༡ པའི་ཚེས་༢༤ ཉིན་ཧོང་ཀོང་ནང་རྫོང་ཁག་གི་གྲོས་ཚོགས་འོས་བསྡུ་ལས་རིམ་འགྲོ་རྒྱུ་ཡིན་འདུག་པ་དང་། ཧོང་ཀོང་ནང་ཟླ་༦ པ་ནས་ངོ་རྒོལ་ལས་འགུལ་ཤུགས་ཆེན་འགྲོ་བཞིན་པ་དང་བསྟུན། འོས་བསྡུ་དེའི་གྲུབ་དོན་དེ་ཧོང་ཀོང་མི་མང་གི་བསམ་བློ་མཚོན་པའི་སྡིངས་ཆ་གལ་ཆེན་ཞིག་ཡིན་འདུག 

ཧོང་ཀོང་འོས་བསྡུ་ལས་ཁང་གིས་དེ་སྔོན་ཕྱི་ལོ་༢༠༡༤ ལོའི་ཉི་གདུགས་ཀྱི་མང་གཙོའི་ལས་འགུལ་ཆེན་མོའི་སྐབས་ཀྱི་འགོ་ཁྲིད་གཞོན་སྐྱེས་ཇོ་ཤེ་ཝ་ཝོང་ལ། རྫོང་ཁག་གི་གྲོས་ཚོགས་འཐུས་མིའི་འོས་མིར་ལངས་བའི་འོས་ཆོས་ཚང་མེད་སྐོར་བརྗོད་ནས་འོས་འགྲན་ལངས་རྒྱུ་མེད་པ་ཐག་གཅོད་བྱས་ཡོད་འདུག དེ་ཡང་ལས་ཁང་དེའི་ཡིག་ཆའི་ནང་དུ་ཇོ་ཤེ་ཝ་ཝོང་དང་ཁོང་གི་སྲིད་དོན་ཚོགས་པ་གཉིས་ཀྱིས། ཧོང་ཀོང་གི་རང་ཐག་རང་གཅོད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས། འོས་ཆོས་ཚང་གི་མེད་སྐོར་བརྗོད་ཡོད་འདུག ཧོང་ཀོང་གཞུང་གིས་ཀྱང་གནད་དོན་དེར་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཞིག་སྤེལ་ཏེ།  འོས་མི་ཞིག་འོས་འགྲན་བྱེད་པར་ཁས་ལེན་དམ་བཅའི་ནང་དུ། ཧོང་ཀོང་གི་གཞི་རྩའི་ཁྲིམས་སྲུང་བརྩི་དང་ཧོང་ཀོང་གཞུང་ལ་རྒྱབ་སྐྱོར་བྱེད་དགོས་འཁོད་ཡོད་པས། རང་ཐག་རང་གཅོད་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་འོས་མིའི་ཁས་ལེན་དམ་བཅའ་དང་རྒྱབ་རྒལ་འགྲོ་ཡི་ཡོད་སྐོར་བརྗོད་འདུག དེ་སྔོན་ཇོ་སེ་ཝ་ཝོང་གི་སྲིད་དོན་ཚོགས་པའི་ཚོགས་མི་མང་གཙོ་ལས་འགུལ་བ་གཞན་ཞིག་ཀྱང་། རྒྱུ་མཚན་དེའི་ཐོག་ནས་འོས་བསྡུ་ཞིག་ཏུ་འོས་འགྲན་བྱེད་དུ་བཅུག་མེད་འདུག 

ཇོ་ཤེ་ཝ་ཝོང་གིས་ཁོང་འོས་འགྲན་བྱེད་དུ་མ་བཅུག་པ་དེ་ནི། ཧོང་ཀོང་གཞུང་གིས་ཆབ་སྲིད་ཀྱི་ལྟ་གྲུབ་ཞིབ་བཤེར་སྟངས་འཛིན་བྱས་པ་དང་། ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པར་ངོ་རྒོལ་ཤུགས་ཆེན་ཡོད་སྐོར་བསྒྲགས་འདུག དེ་ཡང་དེ་སྔོན་ཁོང་གིས་འོས་མིར་ལངས་རྒྱུའི་དེབ་སྐྱེལ་བྱས་པའི་སྐབས་སུ། འོས་བསྡུའི་ལས་དོན་སྟངས་འཛིན་བྱེད་མཁན་ལས་བྱེད་ཀྱིས། ཁོང་ལ་ཆབ་སྲིད་ཀྱི་ལངས་ཕྱོགས་ཐོག་དྲི་བ་ཐེངས་གསུམ་དྲིས་ཡོད་འདུག 

ཧོང་ཀོང་ནང་མང་གཙོའི་ལས་འགུལ་མུ་མཐུད་འགྲོ་བཞིན་པ་དང་བསྟུན། ཟླ་༡༠ པའི་ཚེས་༢༩ ཉིན་ཧོང་ཀོང་སྤྱི་ཁྱབ་དཔོན་ལྕམ་ཁེ་རི་ལམ་གྱིས། ལས་འགུལ་བ་རྣམས་ལ་དྲག་པོའི་ཟིང་འཁྲུག་སློང་མཁན་ཞེས་མིང་འབོད་བྱས་ཏེ། གཞུང་གིས་ལས་འགུལ་ཚོ་འདོད་པ་ཁེངས་པའི་ལས་དོན་སྤེལ་རྒྱུ་མིན་པ་དང་དེ་ནི་ཐབས་ལམ་ཡིན་པར་ངོས་འཛིན་བྱེད་ཀྱི་མེད་སྐོར་བརྗོད་ཡོད་ཁར། ངོ་རྒོལ་ལས་འགུལ་ལ་བརྟེན་ནས་ཧོང་ཀོང་གི་ཡུལ་སྐོར་སྤྲོ་འཆམ་པའི་ཚོང་ལས་སྡེ་ཚན་དང་། སིལ་ཚོང་སྡེ་ཚན་སོགས་ལ་གྱོང་གུད་ཆེན་པོ་ཐེབས་བཞིན་པར་ཁས་ལེན་བྱས་འདུག དེ་བཞིན་ཁོང་གིས་རྒྱ་ནག་གཞུང་གིས་ལོ་རྗེས་མའི་ཟླ་༣ པའི་ནང་ཧོང་ཀོང་སྤྱི་ཁྱབ་དཔོན་གསར་པ་བསྐོ་གཞག་བྱེད་རྒྱུ་ཡིན་པའི་གནས་ཚུལ་དེ་ནི་དཀྲོག་གཏམ་ཡིན་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།