ཧོང་ཀོང་གི་“ཀུ་ཤུ་ཉིན་རེའི་གསར་ཁང་”ལ་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གཟེངས་རྟགས་ཐོབ་འདུག
ལོ་སྔོན་མར་རྒྱ་ནག་གཞུང་གིས་གཏན་ལ་ཕབ་པའི་“རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་”ཀྱི་གནོན་ཤུགས་འོག་ནས་སྒོ་བརྒྱབ་པའི་“ཀུ་ཤུ་ཉིན་རེའི་གསར་ཁང་”དང་། གསར་ཁང་དེ་གསར་འཛུགས་གནང་མཁན་གྱི་ཕྱུག་བདག་ཇེ་མི-ལཱ་(Jimmy Lai) ལ་འཛམ་གླིང་གསར་ཁང་ལྷན་ཚོགས་(WAN-IFRA) ཀྱི་༢༠༢༡ ལོའི་གསེར་གྱི་སྨྱུ་གུའི་གཟེངས་རྟགས་ཐོབ་འདུག
ལོ་སྔོན་མར་རྒྱ་ནག་གཞུང་གིས་གཏན་ལ་ཕབ་པའི་“རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་”ཀྱི་གནོན་ཤུགས་འོག་ནས་སྒོ་བརྒྱབ་པའི་“ཀུ་ཤུ་ཉིན་རེའི་གསར་ཁང་”དང་། གསར་ཁང་དེ་གསར་འཛུགས་གནང་མཁན་གྱི་ཕྱུག་བདག་ཇེ་མི-ལཱ་(Jimmy Lai) ལ་འཛམ་གླིང་གསར་ཁང་ལྷན་ཚོགས་(WAN-IFRA) ཀྱི་༢༠༢༡ ལོའི་གསེར་གྱི་སྨྱུ་གུའི་གཟེངས་རྟགས་ཐོབ་འདུག
ཟླ་འདིའི་ཚེས་༢ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་གི་“རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་”ཀྱི་གནོན་ཤུགས་འོག་ནས་སྒོ་བརྒྱབ་པའི་“ཀུ་ཤུ་ཉིན་རེའི་གསར་ཁང་”གི་ལས་བྱེད་རྣམས་དང་། བཙོན་འོག་ཏུ་ཡོད་པའི་ཕྱུག་བདག་ཇེ་མི-ལཱ་གཉིས་ལ་འཛམ་གླིང་གསར་ཁང་ལྷན་ཚོགས་ཀྱི་ད་ལོའི་གསེར་གྱི་སྨྱུ་གུའི་གཟེངས་རྟགས་ཐོབ་འདུག
འཛམ་གླིང་གསར་ཁང་ལྷན་ཚོགས་ཀྱི་ཚོགས་གཙོ་ཝོ་རན-ཧྥར་ནན་ཌ་སི་(Warren Fernandez) ཡིས་ད་ལོའི་གསེར་གྱི་སྨྱུ་གུའི་གཟེངས་རྟགས་ཀྱིས་ཧོང་ཀོང་དུ་བཙན་གནོན་མྱོང་བཞིན་པའི་གསར་འགོད་པ་ཚོའི་“འཇིགས་སྣང་དང་དཀའ་ངལ་”གསལ་སྟོན་བྱེད་ཀྱི་ཡོད་པའི་འགྲེལ་བརྗོད་གནང་འདུག
ཀུ་ཤུའི་ཉིན་རེའི་གསར་ཁང་ནི་ཧོང་ཀོང་གི་མང་གཙོའི་གསར་ཁང་ཆེ་ཤོས་དེ་ཡིན་ཞིང་། གསར་ཁང་དེས་སྙིང་སྟོབས་ཆེན་པོས་ཧོང་ཀོང་གི་རང་དབང་དང་། མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་དང་། རྒྱ་ནག་གཞུང་གི་ཁྲིམས་འགལ་གྱི་བྱ་སྤྱོད་རྣམས་ཐེར་འདོན་བྱས་སྟབས། རྒྱ་ནག་གིས་དེ་ནི་ལུས་ལ་ཟུག་པའི་ཚེར་མར་མཐོང་སྟེ་ལས་འགུལ་བ་དང་འཐབ་རྩོད་པ་རྣམས་འབུར་འཇོམས་གཏོང་བྱེད་དུ་གཏན་ལ་ཕབ་པའི་“རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་” འོག་ནས་གསར་ཁང་དེའི་སྒོ་བརྒྱབ་ཡོད།
དེས་མ་ཚད། རྒྱ་ནག་གཞུང་གིས་གསར་ཁང་དེ་གསར་དུ་འཛུགས་མཁན་གྱི་ཕྱུག་བདག་དང་། གསར་ཁང་དེའི་འགན་འཛིན་དང་རྩོམ་སྒྲིག་པ་རྣམས་“ཕྱིའི་རྒྱལ་ཁབ་དང་ངན་འབྲེལ་”བྱས་པའི་ཉེས་མིང་གཡོགས་ནས་འཛིན་བཟུང་དང་བཙོན་འཇུག་བྱས།
བདུན་ཕྲག་འདིའི་རེས་གཟའ་ལྷག་པའི་ཉིན་དྲ་ཐོག་ནས་འཚོགས་པའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག འཛམ་གླིང་གསར་ཁང་ལྷན་ཚོགས་ཀྱི་ཚོགས་གཙོས་“༢༠༢༡ ལོའི་གསེར་གྱི་སྨྱུ་གུའི་གཟེངས་རྟགས་འདིས་པར་སྐྲུན་ཁང་གི་འགོ་གཙོ་བཙོན་དུ་བཅུག་པ་དང་། སྤྱི་ཁྱབ་རྩོམ་སྒྲིག་པ་དང་ལས་གྲོགས་རྣམས་འཛིན་བཟུང་བྱས་པ། གསར་ཁང་གི་སྒོ་བརྒྱབ་པ། གསར་ཁང་གི་མིང་དྲ་ཐོག་ནས་ནག་བསུབ་བཏང་བ་སོགས་ངོས་འཛིན་དང་དྲན་གསོ་བྱེད་ཀྱི་ཡོད་”ཅེས་བསྒྲགས་ཡོད་འདུག
གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དེའི་ཐོག ཨ་ཕའི་ཚབ་ཏུ་གཟེངས་རྟགས་ལེན་མཁན་གྱི་བུ་སཱ་བྷ་ས་ཋན-ལཱ་(Sebastien Lai) ཡིས་ཀུ་ཤུ་ཉིན་རེའི་གསར་ཁང་གི་སྒོ་བརྒྱབ་པ་དང་། ཧོང་ཀོང་དུ་གསར་འགོད་རང་དབང་ལ་དྲག་གནོན་ཚབས་ཆེན་འབྱུང་བཞིན་ཡོད་པར་བརྟེན། “མུན་ནག་གི་གྲུ་ཟུར་དེར་འོད་སྣང་སྤྲོ་མཁན་གྱི་མི་ཉུང་ནས་ཉུང་དུ་”འགྲོ་ངེས་རེད་ཅེས་བརྗོད་ཡོད་འདུག
སྔོན་ཆད་གོ་ལའི་དཔལ་འབྱོར་གྱི་ལྟེ་བར་གྱུར་བའི་ཧོང་ཀོང་ལ་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་སྲིད་བྱུས་དང་། རང་སྲིད་རང་སྐྱོང་ཚད་མཐོན་པོ་ཡོད་མྱོང་ན་ཡང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་དང་ཆིངས་ཡིག་རྣམས་རྩིས་མེད་ཀྱིས་ན་ནིང་ཕྱི་ཟླ་༦ པའི་ནང་“རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་”ཞེས་པ་ཞིག་གཏན་ལ་ཕབ་པ་ནས་བཟུང་། ཁྲིམས་དེ་མང་གཙོའི་ལས་འགུལ་བ་དང་། ཕྱོགས་འགལ་ཆབ་སྲིད་མི་སྣ། མང་གཙོར་ཁ་ཕྱོགས་པའི་གསར་འགོད་པ་རྣམས་འཛིན་བཟུང་བཙོན་འཇུག་བྱེད་སྤྱད་ཀྱི་ལག་ཆར་བེད་སྤྱོད་བྱས་དང་བྱེད་ཀྱིན་ཡོད་པས། ད་ལྟ་ཧོང་ཀོང་བོད་དང་ཤར་ཏུར་ཀི་སི་ཐན་ལྟར་རང་དབང་དང་མང་གཙོའི་གཏན་ནས་མེད་པའི་རྒྱའི་བཙན་འོག་གི་ས་ཁུལ་ཞིག་ཏུ་གྱུར་ཟིན་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།