ཧོང་ཀོང་གི་གསར་ཁང་ཞིག་གི་རྩོམ་སྒྲིག་པ་གཉིས་ལ་ཉེས་འཛུགས་དང་ཧོང་ཀོང་ནང་སྨྲ་བརྗོད་རང་དབང་ཆུང་དུ་འགྲོ་བཞིན་པ།

al jazeera པར།

རྒྱ་ནག་གཞུང་གིས་ཧོང་ཀོང་ནང་ཡོད་པའི་རང་དབང་ཅན་གྱི་གསར་ཁང་མང་པོ་ཞིག་སྒོ་རྒྱག་བཅུག་པ་དང་། རང་དབང་ཐོག་ནས་གསར་འགྱུར་འགོད་རྒྱུའི་འཁོར་ཡུག་ཆུང་དུ་གཏོང་བཞིན་ཡོད་འདུག་ལ། རྒྱ་ནག་གཞུང་དང་མི་མཐུན་པའི་གསར་འགྱུར་རིགས་སྤེལ་ཚེ། རྩོམ་སྒྲིག་པ་དང་གསར་འགོད་པ་སོགས་འཛིན་བཟུང་བྱེད་བཞིན་ཡོད་པ་དེར་རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་འདུག

ཕྱི་ཚེས་༢༩ ཉིན་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་ཡོད་པའི་(stand News )ཟེར་བའི་གསར་ཁང་གི་རྩོམ་སྒྲིག་པ་ཟུར་པ་རང་ལོ་༥༥ ཡིན་པའི་(Chung Pui-kuen)ཟེར་བ་དང་། རང་ལོ་༣༦ ཅན་ (Patrick lam )ཟེར་བ་དེ་གཉིས་ལ་གཞུང་སྲིད་མགོ་རྟིང་སློག་རྒྱུའི་ལས་འགུལ་སྤེལ་བའི་ཉེས་འཛུགས་བྱས་ཡོད་འདུག  ཁོང་གཉིས་ནི་ཕྱི་ལོ་༢༠༢༡ ལོར་འཛིན་བཟུང་བྱས་ཡོད་པ་དང་། ཡོང་འགྱུར་ཕྱི་ཟླ་༩ པའི་ཚེས་༢༦ ལ་ལོ་ངོ་གཉིས་ཀྱི་ཁྲིམས་ཐག་གཅོད་སྲིད་པ་ཡིན་འདུག ཡང་ནིའུ་ཡོག་གི་དུས་བབ་ལྟར་ན་དེ་སྔོན་དབྱིན་ཇིའི་སྐབས་ཀྱི་ཁྲིམས་ལ་གཞིག་ཚེ་ལོ་ངོ་གཉིས་ཡིན་ཡང་ད་ལྟའི་ཧོང་ཀོང་གི་ཁྲིམས་གསར་པ་བྱས་ན་ལོ་༧ ནས་༡༠ བར་ཡིན་པར་བརྗོད་འདུག    ཁོང་ཚོ་གཉིས་ནི་ ༡༩༩༧ ལོར་ཧོང་ཀོང་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་ཚུད་པ་ནས་བཟུང་བརྒྱུད་ལམ་དང་འབྲེལ་བའི་ཁྲིམས་ཆད་ཐོག་མ་ཕོག་མཁན་དེ་ཡིན་པར་བརྗོད་འདུག
(stand news)གསར་ཁང་ཟེར་བ་དེ་ཧོང་ཀོང་ནང་ཧ་ཅང་གིས་སྐད་གྲགས་ཆེན་པོ་ཡོད་མཁན་ཞིག་དང་གཞུང་གི་བྱ་སྤྱོད་མི་འགྲིག་པ་དག་ལ་ཐད་ཀར་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན་འདུག་ལ།   དམིགས་བསལ་ཕྱི་ལོ་༢༠༢༡ ལོར་ཧོང་ཀོང་ནང་དམངས་གཙོའི་ལས་འགུལ་རྒྱ་ཆེར་སྤེལ་དུས་གཞུང་གིས་མི་མང་ཐོག་དྲག་གནོན་བྱས་པ་དག་ལ་ཕྱི་གསལ་ནང་གསལ་ཐོག་ནས་སྐྱོན་བརྗོད་བྱས་ཡོད་འདུག་པར་བརྟེན། ཕྱི་ལོ་༢༠༢༡ ཟླ་བ་༡༢ ནང་ཉེན་རྟོག་པས་ལས་བྱེད་རྣམས་འཛིན་བཟུང་བྱས་ཡོད་འདུག  

རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་འོག་ཧོང་ཀོང་ནང་ཡོད་པའི་ཀུ་ཤུ་ཉིན་རེའི་གསར་ཤོག་ཟེར་བ་དེ་སྒོ་བརྒྱབས་ནས་ཟླ་བ་གཅིག་གི་རྗེས་སུ་གསར་ཁང་དེ་སྒོ་བརྒྱབས་ཡོད་འདུག   རྩོམ་སྒྲིག་པ་གཉིས་ལ་རྒྱ་ནག་གཞུང་དང་ཧོང་ཀོང་གཞུང་བར་མི་མཐུན་པ་བཟོ་ཐབས་ཆེད་དུ་ཕྱི་ལོ་༢༠༢༠ ནས་༢༠༢༡ བར་རྩོམ་ཡིག་༡༧ སྤེལ་ཡོད་ཚུལ་དང་། རྩོམ་ཡིག་དེ་དག་ནི་མི་མང་དང་གཞུང་གཉིས་བར་འགལ་ཟླ་བཟོ་ཐབས་དང་། གཞུང་དང་གཞུང་བར་མི་མཐུན་པ་བཟོ་ཐབས་ཀྱི་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་ཚུལ་བརྗོད་ནས་ནག་ཉེས་བཙུགས་ཡོད་འདུག  རྩོམ་ཡིག་འགའ་ཤས་ནི་རྒྱལ་ཁབ་གཞན་ནང་ཡོད་པའི་ཧོང་ཀོང་གི་སྐྱབས་བཅོལ་བ་ཚོས་བྲིས་པའི་རྩོམ་ཡིན་པ་དང་། དེ་དག་ཁྱབ་སྤེལ་བྱས་པའི་ནག་ཉེས་བསགས་ཡོད་པར་བརྗོད། 

རྩོམ་སྒྲིག་པ་(Chung )ཟེར་བ་དེས་ཁོང་གིས་གང་བཀོད་པ་དག་ནི་དྲང་བདེན་དང་དངོས་ཡོད་གནས་ཚུལ་རྐྱང་རྐྱང་ཡིན་པ་དང་། དེ་དག་བཀོད་དགོས་དོན་གསར་འགྱུར་རང་དབང་དང་སྨྲ་བརྗོད་རང་དབང་ཁྱབ་སྤེལ་ཆེད་དུ་བཀོད་པ་ལས་ཁྲིམས་འགལ་གང་ཡང་བྱས་མེད་པར་བརྗོད་ཡོད་འདུག ཁོང་གཉིས་ལ་ནག་ཉེས་ཕོག་པ་དེ་ཧོང་ཀོང་གི་ལོ་རྒྱུས་ནང་གསར་འགོད་པ་ཞིག་ལ་གཞུང་ལ་ཉེན་ཁ་བཟོས་པའི་ནག་ཉེས་ཕོག་པ་དང་པོ་དེ་ཡིན་འདུག 

ཨ་རིའི་གཞུང་གི་མགྲིན་ཚབ་པ་Mathew Miller x སྤྱི་ཚོགས་དྲྭ་རྒྱའི་ཐོག་བཀོད་དོན་ལ་ཁོང་གཉིས་ལ་ནག་ཉེས་ཕོག་པ་ནི་ཧོང་ཀོང་ནང་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་ཆུང་དུ་འགྲོ་བཞིན་ཡོད་པ་མཚོན་གྱི་ཡོད་པ་རེད་ཅེས་བརྗོད་ཡོད་འདུག་ལ། རྒྱ་ནག་གཞུང་དང་ཧོང་ཀོང་གཞུང་གཉིས་ཀྱིས་ཧོང་ཀོང་ནང་གཞི་རྩའི་རང་དབང་སྲུང་སྐྱོབ་བྱེད་དགོས་པ་ནན་བརྗོད་བྱས་ཡོད་འདུག  དེ་བཞིན་རྒྱལ་སྤྱིའི་གསར་འགོད་རང་དབང་སྲུང་སྐྱོབ་ཚོགས་པ་མང་པོས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་མ་འོངས་པར་རང་དབང་ཐོག་ནས་གསར་འགྱུར་འགོད་མཁན་ལ་ཉེན་ཁ་ཆེན་པོ་ཆགས་རྒྱུ་ཡིན་པར་བརྗོད་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།

ཁྱེད་ཀྱིས་གཟིགས་མེད་སྲིད།