ཧོང་ཀོང་གིས་གློག་བརྙན་ཞིབ་བཤེར་གྱི་ཁྲིམས་གསར་པ་གཏན་འབེབས་བྱས་འདུག
ཧོང་ཀོང་གྲོས་ཚོགས་ཀྱིས་ཁུལ་དེའི་གློག་བརྙན་རྣམས་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་ཁྲིམས་དང་མཐུན་པ་དགོས་པའི་ཞིབ་བཤེར་གྱི་ཁྲིམས་གསར་པ་ཞིག་གཏན་འབེབས་བྱས་འདུག་པ་དང་། ཁྲིམས་གསར་པ་དེས་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ཧོང་ཀོང་གི་གློག་བརྙན་བཟོ་སྐྲུན་པའི་སྡེ་ཚན་གྱི་རང་དབང་ལ་དོ་ཕོག་ཆེན་པོ་འགྲོ་རྒྱུ་རེད་འདུག
ཧོང་ཀོང་གྲོས་ཚོགས་ཀྱིས་ཁུལ་དེའི་གློག་བརྙན་རྣམས་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་ཁྲིམས་དང་མཐུན་པ་དགོས་པའི་ཞིབ་བཤེར་གྱི་ཁྲིམས་གསར་པ་ཞིག་གཏན་འབེབས་བྱས་འདུག་པ་དང་། ཁྲིམས་གསར་པ་དེས་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ཧོང་ཀོང་གི་གློག་བརྙན་བཟོ་སྐྲུན་པའི་སྡེ་ཚན་གྱི་རང་དབང་ལ་དོ་ཕོག་ཆེན་པོ་འགྲོ་རྒྱུ་རེད་འདུག
ཟླ་༡༠ པའི་ཚེས་༢༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་༢༧ ཉིན་རྒྱ་ནག་དང་ཧོང་ཀོང་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཤ་སྟག་གིས་ཁེངས་པའི་ཧོང་ཀོང་གྲོས་ཚོགས་ཀྱིས། རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་སྲུང་སྐྱོབ་ཆེད་དུ་གློག་བརྙན་ཞིབ་བཤེར་གྱི་ཁྲིམས་གསར་པ་གཏན་འབེབས་བྱས་འདུག
ཕྱི་ལོ་༢༠༢༠ ལོའི་ཟླ་༡༡ པའི་ནང་རྒྱ་ནག་གཞུང་གིས་ཧོང་ཀོང་སྤྱི་ཁྱབ་པས་ཧོང་ཀོང་གི་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་དང་རྒྱ་ནག་གི་བདག་དབང་ལ་ངོས་ལེན་མི་བྱེད་མཁན་རྣམས་གནས་དབྱུང་གཏོང་ཆོག་པ་བཟོས་རྗེས། ཧོང་ཀོང་གཞུང་གིས་མང་གཙོ་དོན་གཉེར་བའི་གྲོས་ཚོགས་འཐུས་མི་བཞི་གྲོས་ཚོགས་ལས་གནས་ནས་གནས་དབྱུང་བཏང་རྗེས། གྲོས་ཚོགས་ནང་དུ་མང་གཙོ་དོན་གཉེར་བ་ལྷག་མ་༡༥ ཚང་མས་ཐག་གཅོད་དེར་ངོ་རྒོལ་གྱིས་གྲོས་ཚོགས་ནས་རྩ་དགོངས་ཞུས་ཡོད་པས། ད་ལྟའི་ཆར་ཧོང་ཀོང་གི་གྲོས་ཚོགས་ནང་ཕྱོགས་འགལ་གྱི་གྲོས་ཚོགས་འཐུས་མི་གཅིག་ཀྱང་མེད་པ་རེད།
གསར་དུ་གཏན་འབེབས་བྱུང་བའི་གློག་བརྙན་ཞིབ་བཤེར་གྱི་ཁྲིམས་ནང་དུ། ཧོང་ཀོང་ནང་དབང་ཆ་མཐོ་ཤོས་གཉིས་པ་སྤྱི་ཁྱབ་དྲུང་ཆེས། གལ་ཏེ་གློག་བརྙན་ཞིག་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་དང་འགལ་ཟླ་འགྲོ་ཡི་ཡོད་པ་མཐོང་ཚེ། གློག་བརྙན་དེ་ཁྲོམས་རར་འགྲེམས་སྤེལ་ཆོག་པའི་ལག་ཁྱེར་ཕྱིར་བསྡུ་བྱེད་ཆོག་གི་ཡོད་འདུག ཁྲིམས་དེ་དང་འགལ་མཁན་ཚོར་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཆད་དང་ཧོང་ཀོང་སྒོར་མོ་ས་ཡ་གཅིག་བར་གྱི་དཔལ་འབྱོར་ཉེས་ཆད་འཕོག་སྲིད་པ་རེད་འདུག
ཧོང་ཀོང་གཞུང་གིས་ཁྲིམས་གསར་པ་དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབས་བཟོ་སྲིད་པའི་བྱ་སྤྱོད་ལ་རྒྱབ་སྐྱོར་དང་ཆེ་བསྟོད། སེམས་ཤུགས་སྤར་བ། བརྒྱུད་སྐུལ་བྱེད་མཁན་གྱི་བརྗོད་བྱ་རྣམས་ལ་དམིགས་ཀྱི་ཡོད་པ་དང་། དམིགས་ཡུལ་ནི་གློག་བརྙན་ཞིབ་བཤེར་གྱི་ལམ་ལུགས་ཡར་རྒྱས་བཏང་ནས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབས་བཟོ་བའི་བྱ་སྤྱོད་རྣམས་བཀག་འགོག་བྱེད་ཆེད་ཡིན་སྐོར་བརྗོད་འདུག འོན་ཀྱང་ཁྲིམས་གསར་དེར་སྐྱོན་བརྗོད་བྱེད་མཁན་ཚོས་ཁྲིམས་དེ་ནི་ཆབ་སྲིད་ཀྱི་ཞིབ་བཤེར་ཞིག་ཡིན་པ་དང་། ཁྲིམས་དེས་ཧོང་ཀོང་གི་སྙན་གྲགས་ཆེ་བའི་གློག་བརྙན་བཟོ་སྐྲུན་གྱི་སྡེ་ཚན་ལ་དོ་ཕོག་ཆེན་པོ་གཏོང་ངེས་པ། གློག་བརྙན་འཁྲབ་ཁྲིད་པ་རྣམས་ཀྱི་སྨྲ་བརྗོད་རང་དབང་ལ་ཚད་བཀག་བཟོ་རྒྱུ་ཡིན་པ་མ་ཟད། ཞེད་སྣང་གི་ཁོར་ཡུག་གཅིག་བསྐྲུན་རྒྱུ་ཡིན་སྐོར་བརྗོད་བཞིན་འདུག
ཧོང་ཀོང་ནང་དུ་རྒྱ་ནག་གཞུང་གིས་བཙན་དབང་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་གཏན་འབེབས་དང་ལག་བསྟར་བྱས་པ་ནས་བཟུང་། ཤེས་ཡོན་དང་སྒྱུ་རྩལ། གསར་འགྱུར་བརྒྱུད་ལམ། རིག་གཞུང་སོགས་ཀྱི་ཐོག་ལ་ཞིབ་བཤེར་སྟངས་འཛིན་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཐོག་ཏུ་ཡང་གནོན་ཤུགས་ཆེན་པོ་སླེབས་ནས་མང་པོ་ཞིག་སྒོ་བརྒྱབ་དགོས་བྱུང་ཡོད་པ་རེད། །
གསར་འགོད་པ་སྐལ་བཟང་དོན་གྲུབ།