ཧོང་ཀོང་གིས་རྒྱ་ནག་གཞུང་གི་བཀོད་ཁྱབ་ལ་ངོས་ལེན་བྱས་མི་འདུག
རྒྱ་གཞུང་གིས་ཧོང་ཀོང་ལ་ཉེ་ཆར་གློད་གྲོལ་ཐོབ་པའི་ཧོང་ཀོང་གི་དོབ་ཚོང་མཁན་དེ་རྩིས་སྤྲོད་དགོས་སྐོར་བརྗོད་ཀྱང་། ཧོང་ཀོང་གིས་མོས་མཐུན་བྱས་མི་འདུག
རྒྱ་གཞུང་གིས་ཧོང་ཀོང་ལ་ཉེ་ཆར་གློད་གྲོལ་ཐོབ་པའི་ཧོང་ཀོང་གི་དོབ་ཚོང་མཁན་དེ་རྩིས་སྤྲོད་དགོས་སྐོར་བརྗོད་ཀྱང་། ཧོང་ཀོང་གིས་མོས་མཐུན་བྱས་མི་འདུག
དེ་ཡང་ཟླ་འདིའི་ཚེས་༦ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་ནག་ཉིང་སྦོ་ས་ཁུལ་གྱི་བདེ་སྲུང་ལས་ཁུངས་ནས་ཧོང་ཀོང་གི་དེབ་ཚོང་མཁན་སྐུ་ཞབས་ལྭམ་ཝིང་ཀི་ལ་རྒྱ་ནག་ཏུ་ཁོང་གློད་གྲོལ་བཏང་བའི་ཆ་རྐྱེན་ལྟར། ཕྱིར་ལོག་མ་བྱས་ན་ཁྲིམས་ཐོག་ནས་བྱ་སྤྱོད་སྤེལ་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག་ཀྱང་། ཧོང་ཀོང་གི་བདེ་སྲུང་སྤྱི་ཁྱབ་དཔོན་པོས་རྒྱ་གཞུང་དང་གྲོས་མོལ་བྱས་རྗེས། སྐུ་ཞབས་ལྭམ་རྒྱ་ནག་ལ་རྩིས་སྤྲོད་བྱེད་ཐབས་མེད་པར་ནན་བརྗོད་ཐོག “ ཧོང་ཀོང་དང་རྒྱ་གཞུང་བར་ལ་མི་རྩིས་སྤྲོད་བྱེད་པའི་ཁྲིམས་ཐོག་གི་ལམ་ལུགས་མེད་པ་དང་། ཧོང་ཀོང་གཞུང་གིས་རང་ཁྲིམས་དང་བསྟུན་ནས་གནད་དོན་ཐག་གཅོད་བྱེད་ཀྱི་རེད།”ཅེས་བརྗོད་འདུག ཧོང་ཀོང་གི་ཁྲིམས་ནང་རྒྱ་ནག་སྐམ་ས་ཆེན་མོའི་ཉེན་རྟོག་པས་ཧོང་ཀོང་དུ་བྱ་སྤྱོད་སྤེལ་བའི་ཁྲིམས་ལུགས་ཀྱི་དབང་ཚད་མེད་པ་རེད་འདུག
ལོ་སྔོན་མར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་དེབ་ཚོང་ཁང་ཞིག་གི་ལས་བྱེད་པ་ལྔ་འཇུ་བཟུང་བྱས་རྗེས། རྒྱལ་སྤྱིའི་ཐོག་ནས་དེ་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་དང་། ད་ལྟའི་ཆར་དེབ་ཚོང་མཁན་གཅིག་གཏའ་དངུལ་འོག་གློད་གྲོལ་བཏང་ཡོད་འདུག
ལོ་འདིའི་ལོ་འགོ་ལ་རྒྱ་གཞུང་གིས་དེབ་ཚོང་མཁན་ལྭམ་ཝིང་ཀི་ཡིས་རང་གི་ནོར་འཁྲུལ་ངོས་ལེན་བྱས་པའི་བརྙན་ཐུང་ཞིག་བརྙན་འཕྲིན་བརྒྱུད་ལམ་ཁག་ཏུ་ཁྱབ་སྤེལ་བྱས་ཡོད་པ་རེད། ཁོང་གིས་བརྙན་འཕྲིན་དེའི་ནང་གི་སྐད་ཆ་ཚང་མ་སྔོན་ནས་རྒྱ་ནག་གཞུང་གི་ལས་བྱེད་ཚོས་ཟིན་བྲིས་བྱས་ཡོད་པ་དང། ཁོང་ལ་དེ་ལྟར་བཙན་དབང་ཐོག་ཀློག་ཏུ་བཅུག་ཡོད་སྐོར་འགྲེལ་བརྗོད་བྱས་པ་མ་ཟད། ཁོང་གིས་རྒྱ་གཞུང་གིས་ཁོང་ཚོ་འཇུ་བཟུང་བྱས་པ་ནི་ཧོང་ཀོང་མི་མང་གི་ཐོབ་ཐང་བརྩི་སྲུང་མ་བྱས་པ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག
ཁོང་ཟླ་༦ ཚེས་༡༤ ཉིན་གློད་གྲོལ་བཏང་ཡོད་ནའང་། ཚེས་༡༦ ཉིན་རྒྱ་ནག་ཏུ་ཕྱིར་ལོག་བྱེད་དགོས་བརྗོད་འདུག ཁོང་གིས་ཕྱིར་འགྲོ་རྒྱུ་མིན་པ་ཐག་གཅོད་བྱས་པ་དང་། དེ་བཞིན་ཁོང་གློད་གྲོལ་བཏང་བའི་རྒྱུ་མཚན་ཡང་། རྒྱ་ནག་གཞུང་གིས་ཁོང་ལ་དེ་སྔོན་ནས་དེབ་ཁང་ལས་དེབ་ཉོ་མཁན་རྣམས་ཀྱི་མིང་ཐོ་སོགས་ཁྱེར་ནས་ཕྱིར་ཡོང་དགོས་པའི་ཆ་རྐྱེན་བཞག་ཡོད་འདུག
ཕྱི་ལོ་༡༩༩༧ ལོར་དབྱིན་ཡུལ་གྱིས་ཧོང་ཀོང་དེ་རྒྱ་ནག་ལ་ཕྱིར་སྤྲོད་བྱས་ཡོད་པ་དང། གྲོང་ཁྱེར་དེར་རྒྱ་ནག་གི་ས་ཁུལ་གཞན་དང་མི་འདྲ་བའི་མང་གཙོ་དང་རང་སྐྱོང་གི་ཐོབ་ཐང་སྤྲོད་འཆར་བྱས་ཡོད་ནའང་། ཉེ་བའི་ལོ་ཤས་ནས་རྒྱ་ནག་དབུས་གཞུང་གིས་གྲོང་ཁྱེར་དེའི་ཆབ་སྲིད་ཀྱི་འགོ་ཁྲིད་འདེམས་ཕྱོགས་ལ་ཐེ་བྱུས་དང། ལོ་སྔོན་མར་རྒྱ་གཞུང་གི་དཔོན་རིགས་ཚོའི་ལོ་རྒྱུས་ཡག་སྡུག་བདེན་པ་འཁོད་པའི་དེབ་ཚོང་མཁན་འཇུ་བཟུང་བཀག་ཉར་བྱས་པ་སོགས་བརྟེན། ཧོང་ཀོང་མི་མང་གིས་ངོ་རྒོལ་ཤུགས་ཆེན་དང། རྒྱལ་སྤྱིའི་ཐོག་ནས་ཀྱང་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།