ཧོང་ཀོང་དུ་ཡོད་པའི་དབྱིན་ཡུལ་གྱི་ཁྲིམས་དཔོན་གཙོ་བོ་གཉིས་རྩ་དགོངས་ཞུས་འདུག 

ཧོང་ཀོང་དུ་རྒྱ་ནག་དབུས་གཞུང་དང་ཧོང་ཀོང་གཞུང་གཉིས་ཀྱིས་བཙན་དབང་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ཞེས་པ་དེ་ལག་བསྟར་བྱས་རྗེས། ཧོང་ཀོང་གི་ཁྲིམས་ཁང་མཐོ་ཤོས་ཀྱིས་སྤྱི་དམངས་ཀྱི་རང་དབང་སྲུང་སྐྱོབ་བྱེད་པའི་ནུས་པ་མེད་པ་ཆགས་ཡོད་སྐོར་བརྗོད་ནས། ཁྲིམས་ཁང་དེ་གར་ཡོད་པའི་དབྱིན་ཡུལ་གྱི་ཁྲིམས་དཔོན་གཙོ་བོ་གཉིས་རྩ་དགོངས་ཞུས་པར། དབྱིན་ཡུལ་གྱིས་རྒྱབ་སྐྱོར་བྱས་འདུག་ཀྱང་། ཧོང་ཀོང་གཞུང་གིས་ཐག་གཅོད་དེར་སྐྱོན་བརྗོད་བྱས་འདུག 

ཧོང་ཀོང་དུ་རྒྱ་ནག་དབུས་གཞུང་དང་ཧོང་ཀོང་གཞུང་གཉིས་ཀྱིས་བཙན་དབང་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ཞེས་པ་དེ་ལག་བསྟར་བྱས་རྗེས། ཧོང་ཀོང་གི་ཁྲིམས་ཁང་མཐོ་ཤོས་ཀྱིས་སྤྱི་དམངས་ཀྱི་རང་དབང་སྲུང་སྐྱོབ་བྱེད་པའི་ནུས་པ་མེད་པ་ཆགས་ཡོད་སྐོར་བརྗོད་ནས། ཁྲིམས་ཁང་དེ་གར་ཡོད་པའི་དབྱིན་ཡུལ་གྱི་ཁྲིམས་དཔོན་གཙོ་བོ་གཉིས་རྩ་དགོངས་ཞུས་པར། དབྱིན་ཡུལ་གྱིས་རྒྱབ་སྐྱོར་བྱས་འདུག་ཀྱང་། ཧོང་ཀོང་གཞུང་གིས་ཐག་གཅོད་དེར་སྐྱོན་བརྗོད་བྱས་འདུག 

ཟླ་༣ པའི་ཚེས་༣༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༡༩༩༧ ལོར་དབྱིན་ཡུལ་གྱིས་རྒྱ་ནག་ལ་ཧོང་ཀོང་ཕྱིར་སྤྲོད་བྱས་པའི་སྐབས་སུ། ཧོང་ཀོང་གི་ཁྲིམས་ཁང་མཐོ་ཤོས་ཞུ་གཏུག་མཐའ་མའི་ཁྲིམས་ཁང་ཞེས་པ་དེའི་ནང་དུ། དབྱིན་ཡུལ་གྱི་ཁྲིམས་དཔོན་རྒན་པས་ཁྲིམས་དོན་ཐག་གཅོད་བྱེད་ཆེད་དུ་ལས་ཁུར་བྱེད་རྒྱུའི་གྲོས་མཐུན་བཞག་ཡོད་པ་དང་། ད་བར་ཧོང་ཀོང་ནང་དུ་ཁྲིམས་ཀྱི་གནད་དོན་གལ་གནད་ཆེ་བ་མང་པོ་ཞིག་གི་ཐོག་ཏུ་ཐག་གཅོད་བྱེད་ཐུབ་པ་བྱུང་འདུག 

འོན་ཀྱང་ཕྱི་ལོ་༢༠༢༠ ལོར་རྒྱ་ནག་གཞུང་དང་ཧོང་ཀོང་གཞུང་གཉིས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ཞེས་པ་དེ་བཙན་དབང་ཐོག་ནས་ལག་བསྟར་བྱས་རྗེས། སྤྱི་དམངས་རང་དབང་གི་ཚད་གཞི་དམའ་རུ་ཕྱིན་ཡོད་པས། ཐེངས་འདིར་ཧོང་ཀོང་གི་ཁྲིམས་ཁང་མཐོ་ཤོས་ནས་རྩ་དགོངས་ཞུ་མཁན་དབྱིན་ཇིའི་ཁྲིམས་དཔོན་དེ་གཉིས་ཀྱིས་བརྗོད་དོན་ལ། རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལག་བསྟར་བྱས་པ་ནས་བཟུང་། ཧོང་ཀོང་ནང་དུ་སྤྱི་དམངས་རང་དབང་ལ་ཉེན་ཚབས་ཆེན་པོ་བཟོས་ཡོད་པས། ཁོང་གཉིས་ཀྱིས་ཁྲིམས་ཁང་དེའི་ནང་དུ་ལས་ཁུར་བྱས་ནས་རང་དབང་དེ་དག་སྲུང་སྐྱོབ་བྱེད་རྒྱུར་ནུས་མེད་ཆགས་ཡོད་པ་དང་། ཁྲིམས་ཁང་དེར་མུ་མཐུད་ནས་ལས་ཁུར་བྱས་ཚེ། ཆབ་སྲིད་ཀྱི་རང་དབང་དང་སྨྲ་བརྗོད་རང་དབང་སོགས་རྡོག་རོལ་གཏོང་མཁན་གྱི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་རྣམ་པ་ཐོན་རྒྱུ་ཡིན་པས། ལས་གནས་དེ་ནས་རྩ་དགོངས་ཞུ་རྒྱུ་ཡིན་སྐོར་བརྗོད་འདུག 

དབྱིན་ཡུལ་གཞུང་གིས་ཐག་གཅོད་དེར་རྒྱབ་སྐྱོར་བྱས་ཏེ། ཧོང་ཀོང་ནང་དུ་འཆར་གཞི་ལྡན་པའི་ཐོག་ནས་རང་དབང་དང་མང་གཙོ་རྩ་མེད་གཏོང་བཞིན་ཡོད་པས། ཁྲིམས་དཔོན་རྣམས་མུ་མཐུད་གནས་ཚེ་དྲག་གནོན་བྱེད་མཁན་གྱི་སྲིད་གཞུང་གི་བྱེད་ལས་དེར་ངོས་ལེན་བྱེད་ཀྱི་ཡོད་པའི་རྣམ་པ་ཐོན་ཉེན་ཡོད་སྐོར་བརྗོད་འདུག འོན་ཀྱང་ཧོང་ཀོང་གཞུང་གིས་ཁྲིམས་དཔོན་དེ་གཉིས་ཀྱི་ཐག་གཅོད་དེར་བློ་ཕམ་ཡོད་པ་དང་། ཐག་གཅོད་དེ་ལ་བརྟེན་ནས་དབྱིན་ཡུལ་གཞུང་གིས་ཕྱི་ལོ་༡༩༩༧ ལོོར་བཞག་པའི་གྲོས་མཐུན་དེ་མཇུག་བསྡུས་པ་ཆགས་ཀྱི་ཡོད་སྐོར་བརྗོད་འདུག རྒྱ་ནག་གཞུང་གི་མགྲིན་ཚབ་པས་ཁྲིམས་དཔོན་དེ་གཉིས་ཀྱི་ཐག་གཅོད་ལ་ངོས་ལེན་མེད་པ་དང་། ཧོང་ཀོང་དེ་ཁྲིམས་ཀྱི་དབང་སྒྱུར་ཐོག་ནས་འཛིན་སྐྱོང་བྱེད་ཀྱི་ཡོད་པས། ཁྲིམས་དཔོན་དེ་གཉིས་ཀྱིས་རྒྱ་ནག་གཞུང་གི་ཧོང་ཀོང་ཐོག་ལ་ཡོད་པའི་སྲིད་བྱུས་དེར་ངན་སེམས་བཅང་ནས་སྐྱོན་བརྗོད་བྱེད་ཐབས་བྱེད་ཀྱི་ཡོད་པར་ངོ་རྒོལ་ཡོད་སྐོར་བརྗོད་འདུག 

ཧོང་ཀོང་དང་དབྱིན་ཡུལ་གཉིས་བར་ཁྲིམས་ལུགས་ཐུན་མོང་གནས་ཆེད་དུ་དབྱིན་ཡུལ་གྱི་ཁྲིམས་དཔོན་གཏན་འཇགས་དང་། དེ་བཞིན་གཏན་འཇགས་མིན་པའི་ཁྲིམས་དཔོན་ཁེ་ན་ཌ་དང་ཨོ་སི་ཀྲོ་ལི་ཡ། ནཱིའུ་ཛི་ལན་ཌ། དབྱིན་ཡུལ་གྱི་མི་སེར་ཡིན་པའི་ཁྲིམས་དཔོན་སོགས་ཀྱིས་ཧོང་ཀོང་གི་ཁྲིམས་ཁང་མཐོ་ཤོས་དེའི་ནང་ལས་དོན་བྱེད་ཀྱི་ཡོད་པ་རེད། ད་ལྟའི་ཆར་ཁྲིམས་ཁང་དེའི་ནང་དབྱིན་ཡུལ་གྱི་ཁྲིམས་དཔོན་དྲུག་ལྷག་ཡོད་འདུག་པ་དང་། དབྱིན་ཡུལ་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་དེ་དག་གིས་ཐག་གཅོད་གང་བྱེད་མིན་སོ་སོའི་རང་དབང་ཡིན་སྐོར་བརྗོད་འདུག 

ད་ལྟའི་ཆར་དབྱིན་ཡུལ་དུ་སྐྱབས་བཅོལ་ལ་ཡོད་པའི་ཧོང་ཀོང་གི་ལས་འགུལ་བ་གྲགས་ཅན་ནཱེ་ཐན་ལོ་ཡིས་ཁྲིམས་དཔོན་གཉིས་ཀྱི་ཐག་གཅོད་དེར་དགའ་བསུ་ཞུས་ཏེ། ཐག་གཅོད་དེ་ཧ་ཅང་གིས་ཕྱི་དྲགས་ཡོད་སྐོར་བརྗོད་འདུག དེ་བཞིན་ཁོང་གིས་ཧོང་ཀོང་གི་ཁྲིམས་ཁང་མཐོ་ཤོས་དེའི་ནང་དུ་ལས་ཁུར་བྱེད་མཁན་མང་གཙོའི་རྒྱལ་ཁབ་ནས་ཡིན་པའི་ཁྲིམས་དཔོན་ཚོས། ཧོང་ཀོང་ནང་དུ་ཁྲིམས་ཀྱི་དབང་སྒྱུར་ད་ལྟའང་རང་སོར་གནས་ཡོད་པ་ཡིད་ཆེས་བྱེད་དགོས་ཀྱི་ཡོད་པས། ཧོང་ཀོང་ནང་དུ་ཁྲིམས་ཀྱི་དབང་སྒྱུར་མེད་པ་ཆགས་ཟིན་པའི་བདེན་པའི་གནས་སྟངས་དེ་བསྐྱར་ནན་བྱེད་ཆེད་དུ་ཕྱིའི་རྒྱལ་ཁབ་ཁག་གི་ཁྲིམས་དཔོན་ཚང་མ་ལས་གནས་ནས་རྩ་དགོངས་ཞུ་དགོས་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།