ཧོང་ཀོང་ནང་མང་གཙོ་རྒྱབ་སྐྱོར་བར་རྒྱལ་ཁ་ཆེན་པོ་ཐོབ་འདུག
ཧོང་ཀོང་གི་རྫོང་ཁག་གི་གྲོས་ཚོགས་འོས་བསྡུར། མང་གཙོ་ལ་རྒྱབ་སྐྱོར་བྱེད་མཁན་ཕྱོགས་ཁག་ལ་རྒྱལ་ཁ་ཤིན་ཏུ་ཆེན་པོ་ཐོབ་འདུག་པ་དང་། རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་ད་བར་བྱུང་མྱོང་མེད་པའི་ཕམ་ཁ་བྱུང་འདུག
ཟླ་༡༡ པའི་ཚེས་༢༤ ཉིན་ཧོང་ཀོང་ནང་དུ་མི་མང་ས་ཡ་༢.༩༤ ལས་མང་བས། གྲོང་ཁྱེར་གྱི་རྫོང་ཁག་མི་འདྲ་བ་༡༨ ཀྱི་གྲོས་ཚོགས་འོས་བསྡུར་མཉམ་ཞུགས་བྱས་འདུག ཧོང་ཀོང་ནང་མང་གཙོའི་ལས་འགུལ་སྤེལ་འགོ་བཙུགས་ནས་ཟླ་བ་༦ ཙམ་འགྲོ་བཞིན་པ་དང་བསྟུན། རྫོང་ཁག་གི་གྲོས་ཚོགས་འོས་བསྡུ་ནི་ཧོང་ཀོང་ནང་མི་མང་ལ་ཐད་ཀར་འོས་འདེམས་བྱེད་པའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད་པ་གཅིག་པུ་དེ་ཡིན་པས། ཐེངས་འདིའི་འོས་བསྡུ་ནི་མང་གཙོའི་ལས་འགུལ་དང་ཧོང་ཀོང་གཞུང་གཉིས་ལ། མི་མང་གི་ངོས་ནས་རྒྱབ་སྐྱོར་སུ་ལ་བྱེད་ཀྱི་ཡོད་པའི་རྣམ་པ་སྟོན་ཡུལ་གྱི་སྡིངས་ཆ་ཆེ་ཤོས་གཅིག་ཆགས་ཡོད་པ་རེད་འདུག་པས། འོས་ཤོག་འཕེན་པའི་ཆ་རྐྱེན་ཚང་མཁན་བརྒྱ་ཆ་༧༡.༢ ཀྱིས་འོས་བསྡུར་མཉམ་ཞུགས་བྱས་འདུག་པ་དང་། དེ་ནི་ལོ་བཞིའི་སྔོན་གྱི་རྫོང་ཁག་གི་གྲོས་ཚོགས་འོས་བསྡུ་སྐབས་ཀྱི་བརྒྱ་ཆ་ལས་བརྒྱ་ཆ་༢༥ འཕར་བ་ཡིན་འདུག
འོས་བསྡུའི་སྔོན་དུ་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་ཕྱོགས་ཁག་ཚོས། རྫོང་ཁག་༡༨ ཚང་མའི་གྲོས་ཚོགས་ནང་རྐུབ་སྟེགས་མང་ཤོས་བཟུང་ཡོད་ཀྱང་། ཐེངས་འདིའི་འོས་བསྡུའི་གྲུབ་དོན་དུ་རྫོང་ཁག་༡༨ ནས་༡༧ གྱི་གྲོས་ཚོགས་ནང་དུ་མང་གཙོ་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་རྐུབ་སྟེགས་མང་ཤོས་ཐོབ་འདུག་པ་དང་། དེ་ཡང་འོས་འགྲན་བྱས་པའི་རྫོང་ཁག་གི་གྲོས་ཚོགས་འཐུས་མིའི་རྐུབ་སྟེགས་ཁྱོན་བསྡོམས་༤༥༢ ཡོད་པའི་ཁོངས་ནས། མང་གཙོ་རྒྱབ་སྐྱོར་བྱེད་མཁན་གྱི་ཕྱོགས་ཁག་ལ་རྐུབ་སྟེགས་༣༨༩ ཐོབ་འདུག་པ་དང་། དེ་ནི་སྐབས་སྔོན་མ་དང་བསྡུར་ན་རྐུབ་སྟེགས་༢༨༩ མང་དུ་ཕྱིན་འདུག མང་གཙོ་ཕྱོགས་ཁག་ལ་རྒྱལ་ཁ་དེ་ལྟར་ཐོབ་པ་ནི་ཕྱི་ལོ་༡༩༩༧ ལོ་ནས་ད་བར་ཐེངས་དང་པོ་རེད་འདུག རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་ཕྱོགས་ཁག་ལ་ཕམ་ཁ་ཆེན་པོ་བྱུང་བ་མ་ཟད། གནད་ཡོད་མི་སྣ་མང་པོ་ཞིག་གི་རྐུབ་སྟེགས་ཤོར་ནས་ཁྱོན་བསྡོམས་རྐུབ་སྟེགས་༦༠ མ་གཏོགས་ཐོབ་མེད་འདུག
དེ་ཡང་འོས་བསྡུའི་སྔོན་དུ་ཧོང་ཀོང་གཞུང་དང་རྒྱ་ནག་གཞུང་། དེ་བཞིན་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་གནད་ཡོད་མི་སྣ་མང་པོ་ཞིག་གིས། མང་གཙོ་ལས་འགུལ་བ་ཚོའི་དྲག་སྤྱོད་ལ་བརྟེན་ནས་མི་མང་ནང་ཁོ་ཚོར་རྒྱབ་སྐྱོར་བྱེད་མཁན་ཉུང་ཉུང་ལས་མེད་པ་དང་། རྫོང་ཁག་གི་འོས་བསྡུའི་གྲུབ་དོན་གྱིས་གནས་སྟངས་དེ་གསལ་པོ་སྟོན་རྒྱུ་ཡིན་སྐོར་བསྒྲགས་ཡོད་ཀྱང་། ཐེངས་འདིའི་འོས་བསྡུའི་གྲུབ་དོན་དུ་མི་མང་གིས་མང་གཙོ་ལས་འགུལ་ལ་རྒྱབ་སྐྱོར་ཤུགས་ཆེན་ཡོད་པའི་རྣམ་པ་གསལ་པོ་བསྟན་ཡོད་པ་རེད། རྫོང་མང་པོ་ཞིག་ནང་མང་གཙོ་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་དང་འོས་འགྲན་ཐེངས་དང་པོ་བྱེད་མཁན་གཞོན་སྐྱེས་རྒྱལ་ཁ་ཐོབ་ནས། རྒྱུན་རིང་ནས་ཆབ་སྲིད་པ་ཡིན་མཁན་དང་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་ལ་ཕམ་ཁ་བྱུང་འདུག
མང་གཙོའི་ལས་འགུལ་གྱི་ན་གཞོན་འགོ་ཁྲིད་ཇཱོ་ཤེ་ཝ་ཝོང་ལ། རྫོང་ཁག་གི་གྲོས་ཚོགས་འོས་བསྡུར་འགྲན་ཞུགས་བྱེད་པའི་ཆ་རྐྱེན་ཚང་མེད་སྐོར་བརྗོད་ནས་འོས་བསྡུ་ལས་ཁང་གིས་བཀག་འགོག་བྱས་ཡོད་པ་དང་། ཁོང་གིས་ཐེངས་འདིའི་འོས་བསྡུའི་གྲུབ་དོན་ནི་ལོ་རྒྱུས་རང་བཞིན་ཅན་ཞིག་ཡིན་པ་དང་། ཧོང་ཀོང་མི་མང་ཚོས་སྐད་སྒྲ་ཆེན་པོ་དང་གསལ་པོའི་ངང་སོ་སོའི་བསམ་ཚུལ་བཤད་ཡོད་པ། རྒྱལ་སྤྱིའི་ཚོགས་སྡེ་ཚོས་ཟླ་བ་དྲུག་ལ་ཉེ་བའི་མང་གཙོའི་ལས་འགུལ་ཁྲོད། མི་མང་ནང་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་ཤུགས་ཆུང་དུ་ཕྱིན་མེད་པ་ཡིན་པ་ཤེས་རྒྱུ་གལ་ཆེན་རེད་ཅེས་སྤྱི་ཚོགས་དྲ་ལམ་ཏུ་བྲིས་འདུག
ཧོང་ཀོང་གི་སྤྱི་ཁྱབ་དཔོན་ལྕམ་ཁེ་རཱི་ལམ་གྱིས་ཧོང་ཀོང་གཞུང་གིས་འོས་བསྡུའི་གྲུབ་དོན་ལ་གུས་བརྩི་བྱེད་རྒྱུ་དང་། མི་མང་གི་བསམ་ཚུལ་ལ་ཉན་ནས་བསམ་ཞིབ་མཐིལ་ཕྱིན་པ་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག
འོས་བསྡུའི་ཉིན་ལ་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གིས། ཧོང་ཀོང་མི་མང་ཚོས་གྲོང་ཁྱེར་ནང་གི་དྲག་སྤྱོད་མེད་པ་བཟོ་ཆེད་དུ། ཧོང་ཀོང་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་འོས་མི་ཚོར་རྒྱབ་སྐྱོར་བྱེད་དགོས་སྐོར་གྱི་རྩོམ་ཡིག་དང་བརྙན་ཐུང་སོགས་དྲ་ཐོག་ཏུ་སྤེལ་འདུག
སྤྱིར་བཏང་རྫོང་ཁག་གི་གྲོས་ཚོགས་ཀྱིས་ས་གནས་ཀྱི་གནད་དོན་ཐོག་ལས་དོན་སྤེལ་གྱི་ཡོད་པ་དང་། ཆབ་སྲིད་ཀྱི་དབང་ཚད་དེ་ཙམ་ཆེན་པོ་མེད་ཀྱང་། ཐེངས་འདིའི་འོས་བསྡུ་དེ་ནི་ཧོང་ཀོང་གཞུང་དང་རྒྱ་ནག་གཞུང་ལ་ཧོང་ཀོང་མི་མང་གི་བསམ་ཚུལ་སྟོན་པའི་སྡིངས་ཆ་གལ་ཆེ་ཤོས་ཤིག་ཆགས་ཡོད་པ་རེད། དེ་བཞིན་ཧོང་ཀོང་སྤྱི་ཁྱབ་དཔོན་ལ་འོས་ཤོག་འཕེན་མཁན་ཚོགས་མི་༡༢༠༠ ཡོད་པའི་འདེམས་སྒྲུག་ཚོགས་ཆུང་ནང་དུ། རྫོང་གི་གྲོས་ཚོགས་འཐུས་མི་༡༡༧ གྱི་རྐུབ་སྟེགས་ཡོད་པས། དེ་ཚོ་ཚང་མ་མང་གཙོ་རྒྱབ་སྐྱོར་བ་ཤ་སྟག་སླེབས་རྒྱུ་ཡིན་འདུག་པས། སྤྱི་ཁྱབ་དཔོན་འདེམས་སྒྲུག་ཐད་ཤུགས་རྐྱེན་ཏོག་ཙམ་ཡོད་པ་ཆགས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།