ཧོང་ཀོང་ནང་ལོ་ལྟར་གནམ་སྡེ་སྒོ་མོའི་དུས་དྲན་གོ་སྒྲིག་བྱེད་མཁན་ལས་འགུལ་བ་ཁག་ཅིག་འཛིན་བཟུང་བྱས་འདུག

ཧོང་ཀོང་ནང་རྒྱ་ནག་གཞུང་གིས་བཙན་དབང་ཐོག་ནས་ལག་བསྟར་བྱས་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་འོག་ཏུ། སླར་ཡང་མང་གཙོའི་ལས་འགུལ་གྱི་ཚོགས་པ་གལ་ཆེན་ཞིག་གི་ཚོགས་མི་བཞི་འཛིན་བཟུང་བྱས་ཡོད་པ་དང་། ཧོང་ཀོང་གཞུང་གིས་ཁྲིམས་དེ་བེད་སྤྱོད་ལོག་པ་བྱས་ནས་མང་གཙོ་ལས་འགུལ་བ་ཚོར་བཙན་གནོན་བྱེད་ཀྱི་ཡོད་པའི་ཉེས་འཛུགས་ལ་ཁས་ལེན་ད་དུང་བྱེད་ཀྱི་མེད་པ་རེད།

 ཧོང་ཀོང་ནང་རྒྱ་ནག་གཞུང་གིས་བཙན་དབང་ཐོག་ནས་ལག་བསྟར་བྱས་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་འོག་ཏུ། སླར་ཡང་མང་གཙོའི་ལས་འགུལ་གྱི་ཚོགས་པ་གལ་ཆེན་ཞིག་གི་ཚོགས་མི་བཞི་འཛིན་བཟུང་བྱས་ཡོད་པ་དང་། ཧོང་ཀོང་གཞུང་གིས་ཁྲིམས་དེ་བེད་སྤྱོད་ལོག་པ་བྱས་ནས་མང་གཙོ་ལས་འགུལ་བ་ཚོར་བཙན་གནོན་བྱེད་ཀྱི་ཡོད་པའི་ཉེས་འཛུགས་ལ་ཁས་ལེན་ད་དུང་བྱེད་ཀྱི་མེད་པ་རེད།

ཟླ་༩ པའི་ཚེས་༨ ཉིན་ཧོང་ཀོང་ཉེན་རྟོག་པས་མང་གཙོའི་ལས་འགུལ་ཚོགས་པ་རྒྱ་ནག་ནང་དུ་རྒྱལ་ཞེན་གྱི་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་ཧོང་ཀོང་མཐུན་ཕྱོགས་ཞེས་པ་དེའི་ལས་འགུལ་བ་བཞི་འཛིན་བཟུང་བྱས་ཡོད་པ་རེད། དེ་ཡང་ཚོགས་པ་དེས་ཕྱི་ལོ་༡༩༩༠ ལོ་ནས་ལོ་ལྟར་ཟླ་༦ པའི་ཚེས་༤ ཉིན་གནམ་སྡེ་སྒོ་མོའི་དུས་དྲན་གོ་སྒྲིག་བྱེད་ཀྱི་ཡོད་པ་དང་། ཉེ་བའི་ཆར་ཧོང་ཀོང་ཉེན་རྟོག་པས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་དང་བསྟུན་ནས་ཚོགས་པ་དེར་ཕྱིའི་རྒྱལ་ཁབ་ཀྱི་མྱུལ་མའི་ལས་ཀ་བྱེད་ཀྱི་ཡོད་པའི་ཉེས་འཛུགས་ཀྱིས།  ཉིན་གྲངས་༡༤ ཡི་ནང་དུ་ཚོགས་པ་དེའི་ཚོགས་མི་དང་། དཔལ་འབྱོར་ཡོང་ཁུངས། ཚོགས་པ་དེས་ཧོང་ཀོང་དང་ཐའེ་ཝན། དེ་བཞིན་ཕྱིའི་རྒྱལ་ཁབ་ཁག་ཏུ་སྲིད་དོན་གྱི་ཚོགས་འདུ་འཚོགས་པ་བཅས་ཀྱི་ཞིབ་ཕྲའི་གནས་ཚུལ་མཁོ་སྤྲོད་དགོས་པ་དང་། གལ་ཏེ་བཀའ་རྒྱ་དེར་བརྩི་འཇོག་མ་བྱས་ཚེ་ཟླ་བ་དྲུག་བར་གྱི་བཙོན་འཇུག་ཁྲིམས་ཆད་གཏོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག 

འོན་ཀྱང་ཚོགས་པ་དེས་ཉེན་རྟོག་པའི་བཀའ་རྒྱ་དེར་བརྩི་འཇོག་བྱེད་འཆར་མེད་སྐོར་བརྗོད་པ་མ་ཟད། ཉེན་རྟོག་ཁང་དུ་ཡི་གེ་བཏང་ནས་ཉེན་རྟོག་པས་ཚོགས་པའི་གནས་ཚུལ་ཞིབ་ཕྲ་ལེན་པའི་རྒྱུ་མཚན་ཡང་དག་མེད་པ། ཚོགས་པ་དེ་ཕྱིའི་རྒྱལ་ཁབ་ཀྱི་མྱུལ་མ་མིན་པ་དང་ཉེན་རྟོག་པས་ཚོགས་པ་དེར་དེ་ལྟར་ཉེས་འཛུགས་བྱེད་དགོས་པའི་རྒྱུ་མཚན་གསལ་བཤད་བྱས་མེད་པ་སོགས་བརྗོད་འདུག དེ་བཞིན་ཚོགས་པ་དེས་ཁྲིམས་ཁང་དུ་ཉེན་རྟོག་པའི་བཀའ་རྒྱ་དེར་བསྐྱར་ཞིབ་དགོས་པའི་ཞུ་གཏུག་བྱས་ཟིན་ཡོད་འདུག 

འོན་ཀྱང་ཧོང་ཀོང་གི་ཉེན་རྟོག་པས་ཚོགས་པ་དེར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབས་བཟོ་བའི་བྱ་སྤྱོད་ནི་ཤིན་ཏུ་ཚབས་ཆེན་ཡིན་པས། འཕྱི་མ་དྲགས་པའི་སྔོན་ནས་གནས་ཚུལ་མཁོ་སྤྲད་བྱེད་ན་བཟང་བའི་ཉེན་བརྡ་བཏང་བ་མ་ཟད། ཧོང་ཀོང་གི་སྤྱི་ཁྱབ་དཔོན་ཁཱེ་རི་ལམ་གྱིས་ཀྱང་ཚོགས་པ་དེར་སྐྱོན་བརྗོད་བྱས་འདུག 

འཛིན་བཟུང་བྱས་པའི་ཁོངས་ནས་ཚོགས་པ་དེའི་ཚོགས་གཙོ་དང་ཁྲིམས་རྩོད་པ་ལྕམ་ཧང་ཏུང་དང་། དེ་བཞིན་རྒྱུན་ལས་གཞན་གསུམ་ཡོད་འདུག དེའི་ཐོག་ཚོགས་པ་དེའི་ཚོགས་མི་གནད་ཡོད་མི་སྣ་གྲོས་ཚོགས་འཐུས་མི་ཟུར་པ་ཞིག་ཚུད་པའི་མང་པོ་ཞིག་སྔོན་ཚུད་ནས་བཙོན་ཁང་ནང་དུ་བཅུག་ནས་ཡོད་འདུག་པས། ལོ་རེའི་གནམ་སྡེ་སྒོ་མོའི་དུས་དྲན་གོ་སྒྲིག་བྱེད་ཐུབ་རྒྱུ་ཁག་པོ་ཆགས་ཡོད་འདུག འདི་ལོའི་གནམ་སྡེ་སྒོ་མོའི་དུས་དྲན་དེ་ཡང་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་གནས་སྟངས་ལུང་འདྲེན་གྱིས་ཆོག་མཆན་སྤྲད་མེད་ཁར། ཧོང་ཀོང་གི་བདེ་སྲུང་ལས་ཁང་གིས་དྲུག་པའི་ཚེས་བཞི་དང་འབྲེལ་བའི་ལས་འགུལ་ལ་མཉམ་ཞུགས་སམ་རྒྱབ་སྐྱོར་བྱས་ཚེ། རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་དང་འགལ་སྲིད་པས་བཙོན་འཇུག་ཁྲིམས་ཆད་འཕོག་སྲིད་པའི་ཉེན་བརྡ་ཡང་བཏང་ཡོད་པ་རེད། 

རྒྱ་ནག་གཞུང་གིས་བཙན་དབང་ཐོག་ནས་ཧོང་ཀོང་ནང་དུ་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལག་བསྟར་བྱེད་འགོ་བཙུགས་པ་ནས་བཟུང་། མང་གཙོའི་ལས་འགུལ་བའི་ཚོགས་པ་མང་པོ་ཞིག་སྒོ་རྒྱག་དགོས་བྱུང་ཡོད་པ་མ་ཟད། ལས་འགུལ་བ་མང་པོ་ཞིག་བཙོན་འཇུག་བྱས་ཡོད་པ་དང་། མང་གཙོར་རྒྱབ་སྐྱོར་བྱེད་མཁན་གྱི་གསར་ཁང་གྲགས་ཆེ་ཤོས་ཀུ་ཤུ་ཉིན་རེའི་གསར་ཤོག་སྒོ་རྒྱག་དགོས་བྱུང་ཡོད་པ་རེད། དེ་བཞིན་ཉེ་ཆར་ཧོང་ཀོང་གི་དགེ་རྒན་འབུམ་གཅིག་ལྷག་ཡོད་པའི་དགེ་རྒན་གྱི་ཆེད་ལས་མཐུན་ཚོགས་ཀྱང་གནོན་ཤུགས་འོག་སྒོ་རྒྱག་དགོས་བྱུང་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།