ཧོང་ཀོང་སྤྱི་ཁྱབ་དཔོན་གྱིས་རྒྱ་ནག་དབུས་གཞུང་གི་དཔང་ཡིག་ལ་བསྟོད་བསྔགས་བྱས་འདུག 

ཉེ་ཆར་རྒྱ་ནག་དམར་ཤོག་གཞུང་གིས་ཨ་རིས་ཧོང་ཀོང་ནང་དུ་ཐེ་བྱུས་གང་འདྲ་བྱས་པའི་དཔང་ཡིག་ཡིན་སྐོར་བརྗོད་ནས་དོན་ཚན་༡༠༠ ལྷག་ཡོད་པ་ཞིག་སྤེལ་འདུག་པས། ཧོང་ཀོང་སྤྱི་ཁྱབ་དཔོན་གྱིས་དཔང་ཡིག་དེ་དག་གིས་ཨ་རིའི་བྱ་ངན་གསལ་སྟོན་བྱས་ཡོད་སྐོར་བརྗོད་འདུག 

ཉེ་ཆར་རྒྱ་ནག་དམར་ཤོག་གཞུང་གིས་ཨ་རིས་ཧོང་ཀོང་ནང་དུ་ཐེ་བྱུས་གང་འདྲ་བྱས་པའི་དཔང་ཡིག་ཡིན་སྐོར་བརྗོད་ནས་དོན་ཚན་༡༠༠ ལྷག་ཡོད་པ་ཞིག་སྤེལ་འདུག་པས། ཧོང་ཀོང་སྤྱི་ཁྱབ་དཔོན་གྱིས་དཔང་ཡིག་དེ་དག་གིས་ཨ་རིའི་བྱ་ངན་གསལ་སྟོན་བྱས་ཡོད་སྐོར་བརྗོད་འདུག 

ཟླ་༩ པའི་ཚེས་༢༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་རྒྱ་ནག་དམར་ཤོག་གཞུང་གི་ཕྱི་སྲིད་ལས་ཁང་ནས། ཨ་རིའི་ཧོང་ཀོང་ནང་དུ་ཐེ་བྱུས་དང་། རྒྱ་ནག་ལ་ཁ་གཏད་ཀྱི་ལས་དོན་དང་བརྟན་ལྷིངས་མེད་པ་བཟོ་མཁན་གྱི་རུ་ཁག་ལ་རྒྱབ་སྐྱོར་གྱི་དཔང་ཡིག་ཅེས་པ་ཞིག་དྲ་ཐོག་ནས་སྤེལ་འདུག་པ་དེའི་ནང་དོན་ཚན་༡༠༠ ལྷག་ཡོད་འདུག 

ཚེས་༢༧ ཉིན་ཧོང་ཀོང་གི་སྤྱི་ཁྱབ་དཔོན་ལྕམ་ཁཱེ་རི་ལམ་གྱིས་དཔང་ཡིག་དེ་ནི་ལོ་མང་རིང་ཨ་རིས་ཧོང་ཀོང་ནང་ཐེ་བྱུས་བྱས་པའི་དཔང་རྟགས་ཡིན་པ་དང་། དཔང་རྟགས་དེ་དག་ནི་དགག་པ་རྒྱག་ཐུབ་ཐབས་མེད་པ་ཤ་སྟག་ཡིན་པས། ཧོང་ཀོང་མི་མང་ཚོ་ཨ་རིའི་ངན་སེམས་བཅང་བའི་བྱ་སྤྱོད་ལ་མགོ་འཁོར་མི་རུང་སྐོར་བརྗོད་འདུག 

དེ་ཡང་ཧོང་ཀོང་ནང་དུ་རྒྱ་ནག་དབུས་གཞུང་གིས་བཙན་དབང་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལག་བསྟར་བྱས་པས། ཨ་རི་གཙོས་པའི་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་ཁག་ཅིག་གིས་བྱ་སྤྱོད་དེ་སྐྱོན་བརྗོད་རིམ་པ་དང་དེ་འབྲེལ་གྱི་ཁྲིམས་འཆར་ཁག་ཅིག་ཀྱང་གཏན་འབེབས་བྱས་ཡོད་པས། ཐེངས་འདིར་རྒྱ་ནག་དབུས་གཞུང་གིས་བཏོན་པའི་དཔང་ཡིག་དེའི་ནང་ཨ་རིའི་གྲོས་ཚོགས་ཀྱིས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཁྲིམས། དེ་བཞིན་ཧོང་ཀོང་གི་རང་སྐྱོང་ཁྲིམས་བཅས་དང་། ཨ་རིས་ཧོང་ཀོང་གི་དམིགས་བསལ་ཚོང་འབྲེལ་གནས་བབ་དང་ཁེ་ཕན་ཕྱིར་འཐེན་བྱས་པ་སོགས་བཀོད་འདུག 

དེ་བཞིན་ཨ་རིའི་སྲིད་དོན་མི་སྣ་ཚོས་ཧོང་ཀོང་གི་གནས་སྟངས་ཐོག་ལ་བཤད་པའི་སྐད་ཆ་སོགས་ཀྱང་བཀོད་འདུག 

ཧོང་ཀོང་གི་སྤྱི་ཁྱབ་དཔོན་ལྕམ་ཁཱེ་རི་ལམ་གྱིས་རྒྱ་ནག་དབུས་གཞུང་གིས་གནས་སྟངས་གཉན་འཕྲང་ཅན་སྐབས་སུ། རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལག་བསྟར་བྱས་པར་བཀའ་དྲིན་ཆེན་པོ་ཡིན་སྐོར་དང་། ཁྲིམས་དེ་ལག་བསྟར་བྱེད་འགོ་བཙུགས་ཟིན་ནའང་། ཧོང་ཀོང་མི་མང་རྣམས་རང་དབང་ལོངས་སུ་སྤྱོད་བཞིན་ཡོད་ཁར། ཕྱིའི་རྒྱལ་ཁབ་ཁག་གི་ཚོང་ལས་ཁང་རྣམས་ལ་དེ་སྔོན་ལས་སྲུང་སྐྱོབ་ཚད་མཐོ་བ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག འོན་ཀྱང་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་བཙན་དབང་ཐོག་ནས་ལག་བསྟར་བྱེད་འགོ་བཙུགས་པ་ནས་བཟུང་། ཧོང་ཀོང་ནང་གི་མང་གཙོའི་སྲིད་དོན་ཚོགས་པ་དང་གཞུང་འབྲེལ་མིན་པའི་ཚོགས་པ། དགེ་རྒན་གྱི་ཚོགས་པ། སློབ་མའི་ཚོགས་པ་སོགས་མང་པོ་ཞིག་སྒོ་བརྒྱབ་ཡོད་པའི་སྐོར་ལ་གང་ཡང་འགྲེལ་བརྗོད་བྱས་མི་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།