ཧོང་ཀོང་སྤྱི་ཁྱབ་དཔོན་གྱི་སྐད་ཆ་སྔ་ཕྱི་བར་འགལ་ཟླ་སོང་འདུག 

ཧོང་ཀོང་ནང་མང་གཙོའི་ངོ་རྒོལ་ལས་འགུལ་འགོ་བཙུགས་ནས་བདུན་ཕྲག་༡༣ པ་དེ་འགྲོ་བཞིན་པ་དང་བསྟུན། གྲོང་ཁྱེར་དེའི་སྤྱི་ཁྱབ་དཔོན་ལྕམ་ཁེ་རི་ལམ་གྱིས་གལ་ཏེ་རང་ཉིད་ལས་གནས་ནས་དགོངས་པ་ཞུ་བའི་འདམ་ག་ཡོད་ཚེ་ཞུ་འདོད་ཡོད་སྐོར་བརྗོད་པའི་གསང་བའི་སྐད་ཆ་སྒྲ་འཇུག་བྱས་པ་ཞིག གསར་ཁང་བརྒྱུད་ནས་ཕྱིར་ཁྱབ་སྤེལ་ཆེན་པོ་སོང་ཡོད་ཀྱང་། ཁོང་གིས་ད་བར་དགོངས་པ་ཞུ་རྒྱུའི་བསམ་བློ་འཁོར་མེད་ཁར། དགོངས་པ་མི་ཞུ་བའི་ཐག་གཅོད་དེ་ཡང་ཁོང་རང་ཉིད་ཀྱིས་བྱས་པ་ཡིན་སྐོར་བརྗོད། སྐད་ཆ་གཉིས་བར་འགལ་ཟླ་ཆགས་འདུག་པ་དང་། ཁག་ཅིག་གིས་གསང་བ་ཕྱིར་གྱར་དེ་ཆེད་དུ་མངགས་ནས་ཁོང་ལ་མང་ཚོགས་ཀྱི་སྙིང་རྗེ་ཐོབ་ཐབས་ཀྱི་བྱུས་ཤིག་ཡིན་སྲིད་སྐོར་ཡང་བརྗོད་བཞིན་འདུག 

ཧོང་ཀོང་ནང་མང་གཙོའི་ངོ་རྒོལ་ལས་འགུལ་འགོ་བཙུགས་ནས་བདུན་ཕྲག་༡༣ པ་དེ་འགྲོ་བཞིན་པ་དང་བསྟུན། གྲོང་ཁྱེར་དེའི་སྤྱི་ཁྱབ་དཔོན་ལྕམ་ཁེ་རི་ལམ་གྱིས་གལ་ཏེ་རང་ཉིད་ལས་གནས་ནས་དགོངས་པ་ཞུ་བའི་འདམ་ག་ཡོད་ཚེ་ཞུ་འདོད་ཡོད་སྐོར་བརྗོད་པའི་གསང་བའི་སྐད་ཆ་སྒྲ་འཇུག་བྱས་པ་ཞིག གསར་ཁང་བརྒྱུད་ནས་ཕྱིར་ཁྱབ་སྤེལ་ཆེན་པོ་སོང་ཡོད་ཀྱང་། ཁོང་གིས་ད་བར་དགོངས་པ་ཞུ་རྒྱུའི་བསམ་བློ་འཁོར་མེད་ཁར། དགོངས་པ་མི་ཞུ་བའི་ཐག་གཅོད་དེ་ཡང་ཁོང་རང་ཉིད་ཀྱིས་བྱས་པ་ཡིན་སྐོར་བརྗོད། སྐད་ཆ་གཉིས་བར་འགལ་ཟླ་ཆགས་འདུག་པ་དང་། ཁག་ཅིག་གིས་གསང་བ་ཕྱིར་གྱར་དེ་ཆེད་དུ་མངགས་ནས་ཁོང་ལ་མང་ཚོགས་ཀྱི་སྙིང་རྗེ་ཐོབ་ཐབས་ཀྱི་བྱུས་ཤིག་ཡིན་སྲིད་སྐོར་ཡང་བརྗོད་བཞིན་འདུག 

བདུན་ཕྲག་སྔོན་མར་ཧོང་ཀོང་སྤྱི་ཁྱབ་དཔོན་ཁེ་རི་ལམ་དང་ཚོང་ལས་འགོ་ཁྲིད་ཁག་ཅིག་གསང་བའི་ཐོག་ཚོགས་འདུ་འཚོགས་ཡོད་འདུག་པ་དང་། སྐབས་དེར་ཁོང་གིས་ཧོང་ཀོང་གི་སྤྱི་ཁྱབ་དཔོན་ཞིག་གིས་ཧོང་ཀོང་ལ་གཏོར་སྐྱོན་ཆེན་པོ་དེ་འདྲ་བཏང་ནས་བརྟན་ལྷིང་མེད་པ་བཟོས་པ་དེ་ནི་དགོངས་སེལ་ཡོང་ཐབས་མེད་པ་ཞིག་ཡིན་པས། གལ་ཏེ་ཁོང་ལ་དགོངས་པ་ཞུ་བའི་འདམ་ག་ཞིག་ཡོད་ཚེ། ཐོག་དང་ཤོས་དེ་དགོངས་པ་ཞུ་རྒྱུ་ཡིན་པ་དང་། སྙིང་ཁོངས་གཏིང་ནས་དགོངས་སེལ་ཞུས་རྗེས་དགོངས་པ་ཞུ་དགོས་པ་ཡིན་ཞེས་དང་། ཚོང་གི་འགོ་ཁྲིད་རྣམས་ནས་དགོངས་སེལ་ཡོང་བའི་རེ་སྐུལ་ཞུ་ཡི་ཡོད་ཅེས་དང་། དེ་བཞིན་ཧོང་ཀོང་ནས་རྒྱ་ནག་ཏུ་དོགས་ཡོད་ཉེས་ཅན་རྩིས་སྤྲོད་བྱེད་པའི་ཁྲིམས་འཆར་དེ་རྒྱ་ནག་དབུས་གཞུང་གིས་བཀའ་བཏང་བ་དང་བཙན་སྐུལ་བྱས་པ་ཞིག་མིན་ཁར། དེ་ནི་ཁོང་ལ་བསམ་བློ་འཁོར་ནས་ཐག་གཅོད་བྱས་པ་ཞིག་ཡིན་པས། ཐག་གཅོད་དེར་འགྱོད་པ་སྐྱེས་ཀྱི་ཡོད་སྐོར་བརྗོད་འདུག 

ཁོང་གིས་ད་དུང་ཁོང་ནི་རྒྱ་ནག་གཞུང་དང་ཧོང་ཀོང་མི་མང་གཉིས་ཀ་ཞབས་ཞུ་བྱེད་དགོས་མཁན་ཞིག་ཡིན་པས། ཧོང་ཀོང་གི་ངོ་རྒོལ་ལས་འགུལ་དེ་རྒྱ་ནག་རྒྱལ་ཁབ་ཀྱི་གནད་དོན་ཆེན་པོ་ཆགས་ཡོད་པས། ཆབ་སྲིད་ཐོག་ནས་འགུལ་སྐྱོད་རྒྱག་ས་ཆུང་ཆུང་ལས་མེད་སྐོར་བརྗོད་འདུག དེ་བཞིན་ལས་འགུལ་བ་འཛིན་བཟུང་དེ་མུ་མཐུད་ནས་འགྲོ་རྒྱུ་ཡིན་ཡང་། རྒྱ་ནག་གི་དམག་མིས་ཐེ་བྱུས་བྱེད་རྒྱུ་ཁག་པོ་ཡིན་སྐོར་བརྗོད་འདུག 

ལྕམ་ཁེ་རི་ལམ་གྱི་སྐད་ཆའི་སྒྲ་འཇུག་སྐར་མ་༢༤ ཅན་དེ་དབྱིན་ཡུལ་གྱི་གསར་ཁང་རེའུ་ཊར་ལ་ཐོབ་ནས་ཟླ་༩ པའི་ཚེས་༢ ཉིན་བརྒྱུད་ལམ་དེའི་ཐོག་སྤེལ་རྗེས། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཁྱབ་སྤེལ་ཆེན་པོ་སོང་འདུག 

ཁོང་གི་སྐད་ཆ་སྒྲ་འཇུག་བྱས་པ་དེ་ཕྱིར་གྱར་སོང་རྗེས། ཧོང་ཀོང་གི་ལས་འགུལ་བ་ཞིག་གིས་སྐད་ཆ་དེ་སྒེར་གྱི་དྲིལ་བསྒྲགས་ལས་འགུལ་ཞིག་ཡིན་མིན་བརྗོད་ཐབས་དཀའ་བ་ཡིན་པ་དང་། ལྕམ་ཁེ་རི་ལམ་གྱིས་མིག་ཆུ་བཏང་ནས་མི་མང་གི་བསམ་བློར་ཤུགས་རྐྱེན་གཏོང་ཐབས་བྱས་པ་ཐེངས་དང་པོ་མིན། ཧོང་ཀོང་གི་སྤྱི་ཁྱབ་དཔོན་དགོངས་པ་ཞུ་དགོས་བསམ་ཡང་ཞུ་ཐུབ་ཀྱི་མེད་པ་དེས། ཧོང་ཀོང་ནང་ཆབ་སྲིད་ཀྱི་དཀའ་ངལ་གྱི་རྨང་གཞི་དེ་ནི་རང་སྐྱོང་གི་དབང་ཚད་མེད་པ་དེ་ཡིན་པ་གསལ་པོ་ཆགས་ཡོད་སྐོར་བརྗོད་འདུག དེ་བཞིན་ལས་འགུལ་བ་དང་གྲོས་ཚོོགས་མི་སྣ་ཞིག་གིས་རྒྱ་ནག་དབུས་གཞུང་གིས་ལས་འགུལ་བ་ཚོར་དྲག་གནོན་གྱི་སྲིད་བྱུས་དེས་རྙོག་གྲ་ཆེ་རུ་གཏོང་རྒྱུ་ཡིན་པ་དང་། གལ་ཏེ་སྤྱི་ཁྱབ་དཔོན་གྱིས་རྒྱ་ནག་དབུས་གཞུང་གི་བཀའ་ལ་མོས་མཐུན་མེད་ཚེ། བཟང་སྤྱོད་ཐོག་ནས་དགོངས་པ་ཞུ་དགོས་སྐོར་བརྗོད་འདུག གནད་དོན་དེ་དང་འབྲེལ་ནས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གོ་ལའི་དུས་བབ་ཀྱི་རྩོམ་སྒྲིག་པས། རེའུ་ཊར་གསར་ཁང་གིས་གསར་འགོད་ལས་རིགས་ཆབ་སྲིད་ཀྱི་དམིགས་ཡུལ་ཆེད་བེད་སྤྱོད་བྱས་ཏེ། ཧོང་ཀོང་གཞུང་དང་རྒྱ་ནག་དབུས་གཞུང་དབར་གྱི་འབྲེལ་ལམ་དོ་ཕོག་གཏོང་ཐབས་བྱས་པ་ཡིན་སྐོར་བརྗོད་འདུག 

གནད་དོན་དེ་ཁྱབ་སྤེལ་ཆེན་པོ་སོང་རྗེས་ཟླ་༩ པའི་ཚེས་༣ ཉིན་གསར་འགོད་ལྷན་ཚོགས་ཐོག་ཏུ། ལྕམ་ཁེ་རི་ལམ་གྱིས་ཁོང་ནམ་ཡང་ལས་གནས་ནས་དགོངས་པ་ཞུ་ཐབས་བྱས་མེད་པ་དང་། ད་བར་ཁོང་གིས་རྒྱ་ནག་དབུས་གཞུང་ལ་དགོངས་པ་ཞུ་རྒྱུ་ཡིན་སྐོར་བརྗོད་མེད་ཁར། དགོངས་པ་ཞུ་རྒྱུའི་སྐོར་གྲོས་སྡུར་བྱེད་རྒྱུའི་བསམ་བློ་ཡང་བཏང་མེད། དགོངས་པ་མི་ཞུ་བའི་ཐག་གཅོད་དེ་ཡང་ཁོང་རང་ཉིད་ཀྱིས་བྱས་པ་ཡིན་སྐོར་བརྗོད་འདུག ཁོང་གིས་སྐད་ཆ་སྒྲ་འཇུག་ཕྱིར་གྱར་སོང་བ་དེ་བདེན་པ་མིན་ཚུལ་གང་ཡང་བརྗོད་མེད་ཀྱང་། སྐད་ཆ་དེ་ནི་སྒེར་གྱི་ཐུག་འཕྲད་སྐབས་སུ། གནས་སྟངས་ཁག་པོ་འདི་འདྲི་ཞིག་གི་འོག་མི་སྒེར་ཞིག་ལ་མཚོན་ན། དགོངས་པ་ཞུ་རྒྱུ་དེ་ལས་སླ་པོ་ཡིན་སྐོར་འགྲེལ་བརྗོད་བྱེད་ཐབས་བྱས་པ་ཡིན་པ་དང་། ཁོང་གིས་འདས་པའི་ཟླ་བ་གསུམ་རིང་རང་གིས་རང་ལ་ཁོང་དང་ལས་རོགས་རྣམས་ཧོང་ཀོང་ལ་ཕན་ཐོགས་བྱེད་ཆེད་དུ་མུ་མཐུད་ནས་བསྡད་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག དེ་བཞིན་སྐད་ཆ་ཕྱིར་གྱར་སོང་བ་དེ་ནི་མང་ཚོགས་ཀྱི་སྙིང་རྗེ་ཐོབ་ཐབས་ཀྱི་བྱུས་ཡིན་པའི་ཉེས་འཛུགས་དེ་ནི་དཔང་རྟགས་མེད་པ་ཞིག་ཡིན་ཁར། ཕྱིར་གྱར་སོང་བར་བློ་ཕམ་ཡོད་སྐོར་བརྗོད་འདུག 

ཧོང་ཀོང་ནས་དོགས་ཡོད་ཉེས་ཅན་ཁྲིམས་འཆར་དང་འབྲེལ་ནས་གཞོན་སྐྱེས་གཙོས་པའི་ཧོང་ཀོང་ནང་གི་ལས་རིགས་སྡེ་ཚན་མི་འདྲ་བ་མང་པོས་ངོ་རྒོལ་ལས་འགུལ་མུ་མཐུད་སྤེལ་ནས། ཟླ་བ་གསུམ་ཙམ་འགྲོ་བཞིན་ཡོད་པ་དང་། ད་ལྟའི་ཆར་ཁྲིམས་འཆར་དེ་གཏན་དུ་ཕྱིར་འཐེན་བྱས་མེད་ཀྱང་དེ་ནུས་མེད་ཆགས་པ་ཡིན་སྐོར་སྤྱི་ཁྱབ་དཔོན་གྱིས་བརྗོད་ཡོད་པ་རེད། ལས་འགུལ་བ་ཚོས་ཁྲིམས་འཆར་དེ་གཏན་དུ་ཕྱིར་འཐེན། ཉེན་རྟོག་པས་ལས་འགུལ་བ་ཚོར་དྲག་གནོན་བྱས་པའི་གནད་དོན་ཐད་རང་དབང་ཚད་ལྡན་ཅན་གྱི་ཞིབ་འཇུག འཛིན་བཟུང་བྱས་པའི་ལས་འགུལ་བ་རྣམས་ཉེས་ཆད་གུ་ཡངས། སྤྱི་ཡོངས་འོས་བསྡུའི་ཐོབ་ཐང་། ལས་འགུལ་བ་རྣམས་ཟིང་འཁྲུག་སློང་མཁན་ཡིན་པའི་འགྲེལ་བརྗོད་མཚམས་འཇོག སྤྱི་ཁྱབ་དཔོན་དགོངས་པ་ཞུ་དགོས་པ་སོགས་ཀྱི་དགོས་འདུན་བཏོན་བཞིན་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།