ཧོང་ཀོང་སློབ་གྲྭ་ཆེན་མོའི་ནང་དུ་ཡོད་པའི་“ངོ་ཚའི་རྡོ་རིང་”བཀོག་ནས་ཁྱེར་འདུག

ཧོང་ཀོང་སྲིད་གཞུང་གི་བཙན་བཀའི་འོག ཧོང་ཀོང་སློབ་གྲྭ་ཆེན་མོའི་ནང་དུ་ཡོད་པའི་གནམ་སྡེ་སྒོ་མོའི་དོན་རྐྱེན་དྲན་གསོ་བྱེད་པའི་“ངོ་ཚའི་རྡོ་རིང་”(Pillar of Shame) རྩ་བ་ནས་བཀོག་ཏེ་ཁྱེར་ཡོད་འདུག 

ཧོང་ཀོང་སྲིད་གཞུང་གི་བཙན་བཀའི་འོག ཧོང་ཀོང་སློབ་གྲྭ་ཆེན་མོའི་ནང་དུ་ཡོད་པའི་གནམ་སྡེ་སྒོ་མོའི་དོན་རྐྱེན་དྲན་གསོ་བྱེད་པའི་“ངོ་ཚའི་རྡོ་རིང་”(Pillar of Shame) རྩ་བ་ནས་བཀོག་ཏེ་ཁྱེར་ཡོད་འདུག 

ཟླ་འདིའི་ཚེས་༢༣ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། མདང་དགོང་ནམ་སྨད་ལ་ཧོང་ཀོང་སློབ་ཆེན་(Hong Kong University) གྱི་སློབ་རའི་ནང་དུ་ཡོད་པའི་“ངོ་ཚའི་རྡོ་རིང་”རྩ་བ་ནས་བཀོག་སྟེ། དོ་སྐྱེལ་རླངས་འཁོར་ནང་དུ་བླུགས་ནས་རྒྱང་དུ་ཁྱེར་ཡོད་འདུག 

མཐོ་ཚད་ལ་མེ་ཊར་བརྒྱད་(8-metre) ཡོད་ཅིང་། མིའི་ལུས་པོ་དང་ངོ་གདོང་གཅིག་གི་ཐོག་ལ་གཅིག་གཅུ་དཀྲིས་བྱས་ནས་བརྩེགས་པའི་རྡོ་རིང་དེ་ནི་ཌན་མར་ཁི་ཡི་སྒྱུ་རྩལ་བ་ཇན་སི་(Jens Galschiot) ཡིས་བཞེངས་པ་ཞིག་ཡིན་འདུག་པ་དང་། དེ་ནི་༡༩༨༩ ལོའི་ཟླ་༦ ཚེས་༤ ཉིན་གནམ་སྡེ་སྒོ་མོ་རུ་རྒྱའི་དམག་གིས་དམར་གསོད་བཏང་བའི་སློབ་མ་རྣམས་དྲན་གསོའི་མཚོན་རྟགས་ཤིག་ཡིན་འདུག
སྔོན་ཆད་གོ་ལའི་དཔལ་འབྱོར་གྱི་ལྟེ་བར་གྱུར་བའི་ཧོང་ཀོང་ལ་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་སྲིད་བྱུས་དང་། རང་སྲིད་རང་སྐྱོང་ཚད་མཐོན་པོ་ཡོད་མྱོང་བས། “མིང་དོན་མཚུངས་པའི་རང་སྲིད་སྐྱོང་”གི་དཔེ་མཚོན་ཞིག་ཡིན་ན་ཡང་། རྒྱ་ནག་གཞུང་གིས་ན་ནིང་ཕྱི་ཟླ་༦ པའི་ནང་“རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་”ཞེས་པ་གཏན་ལ་ཕབ་པ་ནས་བཟུང་། ཁྲིམས་དེའི་འོག་ནས་མང་གཙོའི་ལས་འགུལ་བ་དང་། ཕྱོགས་འགལ་ཆབ་སྲིད་མི་སྣ། མང་གཙོར་ཁ་ཕྱོགས་པའི་གསར་འགོད་པ་རྣམས་འཛིན་བཟུང་བཙོན་འཇུག་བྱས་ཏེ། ད་ལྟ་ཧོང་ཀོང་ནི་བོད་དང་ཤར་ཏུར་ཀི་སི་ལྟར་རང་དབང་གཏན་ནས་མེད་པའི་གྲོང་ཁྱེར་ཞིག་ཏུ་གྱུར་ཟིན་ཡོད། 

ཧོང་ཀོང་སློབ་གྲྭ་ཆེན་མོས་ད་ལོའི་ཕྱི་ཟླ་༡༠ པའི་ནང་དུ་ཕྱི་ལོ་༡༩༩༧ ནས་བཟུང་འདས་པའི་ལོ་ངོ་༢༤ ཙམ་གྱི་རིང་ལ་སློབ་གྲྭ་དེར་ཡོད་པའི་དྲན་གསོའི་རྡོ་རིང་དེ་མེད་པ་བཟོ་རྒྱུ་ཡིན་པའི་སྐད་ཆ་བཤད་དུས། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལས་འགུལ་བ་རྣམས་ཀྱིས་ཐག་གཅོད་དེར་ངོ་རྒོལ་དང་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་འདུག 

ཡིན་ན་ཡང་། དེ་རིང་ཞོགས་པར་ཧོང་ཀོང་སློབ་གྲྭ་ཆེན་མོའི་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་དང་མཐུན་མིན་གྱི་“ཉེན་ཁ་”ལ་བརྟེན་ནས་དྲན་གསོའི་རྡོ་རིང་དེ་མེད་པ་བཟོས་པ་ཡིན་ཚུལ་བཤད་ཡོད་འདུག་རུང་། ཁྲིམས་དང་མི་མཐུན་པའི་ཉེན་ཁ་གང་ཡོད་ཀྱི་འགྲེལ་བཤད་ཁ་གསལ་བྱས་ཡོད་མི་འདུག 

རྡོ་རིང་བཀོག་ནས་ཁྱེར་རྗེས། སྒྱུ་རྩལ་བ་ཇན་སི་ཡིས་གནས་ཚུལ་དེར་ཧ་ལས་ཤིང་ཧོན་ཐོར་བྱུང་ཚུལ་བརྗོད་པ་དང་། གལ་སྲིད་རྡོ་རིང་ལ་སྐྱོན་ཆག་འདྲ་བྱུང་ཡོད་ན། ཁོང་གིས་ཧོང་ཀོང་སློབ་གྲྭ་ཆེན་མོ་ཁྲིམས་ལ་གཏུག་རྒྱུ་ཡིན་ཞེས་བཤད་ཡོད་འདུག 

ཁོང་གིས་“དེ་ནི་ཧ་ཅང་རིན་གོང་ཆེ་བའི་རྡོ་བརྐོས་ཤིག་རེད། དེར་བརྟེན་གལ་སྲིད་ཁོ་ཚོས་དེ་གཏོར་སྐྱོན་བཏང་བ་ཡིན་ན། ང་ཚོས་ཁོ་ཚོ་ཁྲིམས་ལ་གཏུག་རྒྱུ་ཡིན་པ་བཤད་ག་ལ་དགོས་”ཞེས་བཤད་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།